མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པ་གཙོ་སྐྱོང་གནང་བ་
དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་28ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་26ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ལོ་རྒྱུས་ཐོག་གི་དཔོན་རིགས་སྐྱོང་ལུགས་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ཡང་དག་པའི་ཆབ་སྲིད་ལམ་ཕྱོགས་ལ་ཡང་དག་པའི་རྩ་འཛུགས་ལམ་ཕྱོགས་ཀྱིས་འགན་ལེན་བྱེད་དགོས་པ་དང་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤྱོད་ཡོན་གཉིས་ཀྱི་ཚད་གཞི་ནན་པོ་སྲུང་བ་དང་། དྲང་གཞག་ངང་མི་སྣ་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ། མི་སྣ་བཀོལ་སྤྱོད་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ། ལས་བྱེད་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་ལྕག་བྱེད་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་ཁུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་ངང་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
        ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ལོ་རྒྱུས་སུའོ་ཡི་ཞིབ་འཇུག་པ་ཕུ་ཤན་ཆུན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་པ་དང་འབྲེལ་བསམ་འཆར་དང་གྲོས་འགོའང་བཏོན་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཁག་གིས་འགྲེལ་བཤད་ནན་ཏན་ངང་ཉན་པ་དང་འབྲེལ་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་ཡང་བྱས་པ་རེད།
         ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན་བྱེད་པར་མཐོང་ཆེན་བྱ་རྒྱུ་དེ་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་རེད། ལོ་རྒྱུས་ཐོག་སྔོན་བྱོན་པའི་རྒྱལ་ཁ་དང་ཕམ་ཉེས་ཐོ་འགོད་བྱས་ཡོད་པས་ལོ་རྒྱུས་ལ་མཐོང་ཆེན་དང་། ཞིབ་འཇུག དཔྱད་གཞིར་འཛིན་པ་བཅས་བྱས་ཏེ་ལོ་རྒྱུས་ཐོག་གི་ཟིང་བཅོས་དར་རྒུད་ཀྱི་ཆོས་ཉིད་ཤེས་རྟོགས་བྱས་ཚེ་ངེད་ཚོར་འདས་ཟིན་པ་ཤེས་རྟོགས་དང་། ད་ཆར་སྟངས་འཛིན། འབྱུང་འགྱུར་གསར་གཏོད་བཅས་བྱ་རྒྱུར་བློ་བསྐྱེད་གཏིང་ཟབ་ཡོང་ཐུབ། ང་ཚོས་རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་འདུ་འགོད་བསྐྲུན་པ། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་ལོ་རྒྱུས་ལ་དེ་བས་མཐོང་ཆེན་དང་། ཞིབ་འཇུག དཔྱད་གཞིར་འཛིན་པ་བཅས་བྱེད་དགོས། དེ་ལྟར་བྱས་ཚེ་ང་ཚོའི་བསམ་བློ་ཕུན་སུམ་ཚོགས་སུ་དང་། མིག་རྒྱང་ཡངས་སུ། བློ་སྦྱོང་ཟབ་ཏུ། འཇོན་ཐང་ཆེ་རུ་བཅས་འགྲོ་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རྒྱལ་རབས་རིམ་བྱུང་ཚང་མར་དཔོན་རིགས་འདེམས་བསྐོ་དང་དོ་དམ་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པས“སྲིད་སྐྱོང་བའི་གནད་དོན་ནི་མི་བཀོལ་སྤྱོད་བྱེད་པ་གལ”ཞེས་པ་དང“རྒྱལ་ཁབ་ཀྱི་རྩ་བ་ནི་ཤེས་ལྡན་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན”ཞེས་ནན་བཤད་གནང་ཞིང་། རང་རྒྱལ་གནའ་རབས་ཀྱི་དཔོན་པོ་སྐྱོང་ལུགས་ཐད་ཀྱི་བསམ་བློ་དང་བྱེད་ཐབས་དེས་དཔོན་པོ་སྐྱོང་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས་ཡོད་ལ་ལོ་རྒྱུས་ཀྱི་བཀག་རྒྱའང་མངོན་གསལ་དོད་པོ་ཡོད་པ་དེའི་ནང་བཀས་བཀོད་རྒྱུད་འཛིན་གྱི་སྙིགས་རོ་མི་ཉུང་བ་ཞིག་ཡོད་པས་དེར་ང་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས་ཀྱི་ཡོད་ཅེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་སྤྱོད་ཡོན་གཉིས་ཀྱི་ཚད་གཞི་ནན་པོ་སྲུང་དགོས་ཤིང་། སྤྱོད་ཡོན་གཉིས་ཀ་ལྡན་ཚེ་གཞི་ནས་ལས་འགན་ལྕི་པོ་ཁུར་ཐུབ། རང་རེའི་ཏང་གིས་སྔར་ནས་སྤྱོད་ཡོན་གཉིས་ལྡན་ཡོང་རྒྱུར་ནན་བཤད་བྱེད་པ་དང་འབྲེལ་ཀུན་སྤྱོད་སྔོན་ལ་འཇོག་རྒྱུ་དེ་བས་ནན་བཤད་བྱེད་ཀྱི་ཡོད། ཀུན་སྤྱོད་ནང་ཆབ་སྲིད་ཀྱི་གཤིས་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད། ཁྱིམ་ཚང་སྤྱོད་བཟང་བཅས་ཚུད་ཡོད་པས་ལས་བྱེད་པའི་དེ་དག་ཚང་མའི་ཐད་ཡག་པོ་ཡོད་དགོས་ལ་གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་ཀུན་སྤྱོད་ཐད་ཉམས་སད་ཐེག་ཐུབ་པ་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དྲང་གཞག་ངང་མི་སྣ་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མི་སྣ་སྤྱོད་སྐབས་དྲང་གཞག་བྱས་ཚེ་གཞི་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་འདུ་ཐུབ། དྲང་གཞག་ངང་མི་སྣ་སྤྱོད་རྒྱུ་དེ་རང་རེའི་ཏང་གི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ཆེད་སྲིད་སྐྱོང་བའི་རྩ་འཛུགས་ལམ་ཕྱོགས་ཀྱི་མཚོན་ཚུལ་ཞིག་ཡིན་པས་ང་ཚོས་མི་སྣ་འདེམས་སྤྱོད་བྱེད་པའི་རྩ་བའི་བླང་བྱར་གྱུར་པ་བྱེད་དགོས། དྲང་གཞག་ངང་མི་སྣ་སྤྱོད་པར་གཞུང་དྲང་གི་སེམས་པ་བཅངས་དགོས་ཤིང་། གཞུང་དྲང་གི་སེམས་པ་ནི་མཐར་གཏུགས་ནས་བཤད་ན་ཏང་དང་། མི་དམངས། ལས་བྱེད་པ་བཅས་ལ་འགན་འཁྲི་ཁུར་སེམས་དེ་ཡིན་པ་དང་རྩ་དོན་མཐའ་འཁྱོངས་དང་། དངོས་ཐོག་བདེན་འཚོལ། འགན་འཁྲི་ཁུར་ཕོད་པ། གཞུང་དྲང་ཟོལ་མེད་བཅས་བྱས་ཏེ་ལས་བྱེད་པར་དྲང་གཞག་གི་ལྟ་སྟངས་འཛིན་པ་དང་བཀོལ་སྤྱོད་བྱ་རྒྱུ་དེ་རེད་ཅེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་མི་སྣ་སྤྱོད་པའི་མཐོང་རྒྱ་ཆེ་རུ་གཏོང་དགོས་ཤིང་། མཐོང་རྒྱ་ཆེ་རུ་དང་སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ནས་ལས་བྱེད་པའི་དཔུང་ཁག་དང་ཕྱོགས་ཁག་གི་ཤེས་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་དང་ཟུང་འབྲེལ་བྱས་ཏེ་ཚུགས་གནས་དེ་བས་མཐོ་བ་དང་མཐོང་རྒྱ་དེ་བས་ཆེ་བའི་སྒོ་ནས་ཤེས་ལྡན་པ་ཤེས་རྟོགས་དང་། ཤེས་ལྡན་པ་བཀོལ་སྤྱོད། ཤེས་ལྡན་པ་བཀོད་སྒྲིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ལས་བྱེད་པའི་ཧུར་བརྩོན་རང་བཞིན་འཕེལ་བར་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དམིགས་ཡུལ་ནི་བྱ་གཞག་འཕེལ་རྒྱས་ལ་དེ་བས་སྐུལ་འདེད་ཡག་པོ་བཏང་སྟེ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་རྒྱུར་སྐུལ་ལྕག་བྱེད་དགོས་པ་དང་མི་སྣ་འདེམས་སྤྱོད་བྱེད་པའི་ཐད་འགན་འཁྲི་ཁུར་རྒྱུར་སྣང་ཆེན་དང་འགན་འཁྲི་ཁུར་རྒྱུར་མཐོང་ཆེན་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་མཚོན་པར་བྱས་ཏེ་འགན་འཁྲི་ཁུར་ཕོད་མིན་དང་། ལས་འགན་སྒྲུབ་འདོད་མིན། ལས་འགན་སྒྲུབ་ཐུབ་མིན་བཅས་ནི་ལས་བྱེད་པ་ངོས་འཛིན་དང་། བཟང་ངན་དབྱེ་འབྱེད། བྱ་དགའ་དང་ཆད་གཅོད་དང་གོ་གནས་སྤོར་གཅོག་བཅས་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་དགོས་ཞེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་ལས་བྱེད་པ་དེ་དག་སྙིང་པོ་མེད་པའི་ལས་དོན་ཁྲོད་ནས་གྲོལ་ཐུབ་པ་བྱེད་དགོས་ཤིང་། ད་ཆ“རྗེས་ཤུལ་དོ་དམ”བྱེད་པའི་སྣང་ཚུལ་ཡོངས་ཁྱབ་ངང་གནས་མོད། འོན་ཀྱང“རྗེས་ཤུལ”འཇོག་རྒྱུར་མཐོང་ཆེན་བྱེད་པ་ལས“བྱས་རྗེས”འཇོག་རྒྱུར་མཐོང་ཆེན་མི་བྱེད་པ་དང“ཤུལ”འཇོག་པ་ལས“སེམས”མི་གནས་པ་དང་། ཞིབ་བཤེར་དཔྱད་ཞིབ་ཀྱི་རྣམ་གྲངས་མང་བ་དང་། ལས་དོན་སྤེལ་ཐེངས་མང་བ། བསྐྱར་ཟློས་ཡང་ཡང་བཅས་བྱེད་པ། “ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པའི”སྣང་ཚུལ་བསྐྱར་དུ་ཐོན་པ་བཅས་གནད་དོན་དེ་དག་གིས་ལས་བྱེད་པའི་དུས་ཚོད་འབོར་ཆེན་དང་སེམས་ནུས་ཆེན་པོ་འཕྲོ་བརླག་གཏོང་བ་མ་ཟད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐོན་རྒྱུར་ཡང་ཆ་རྐྱེན་བསྐྲུན་ཡོད་པས་གནས་ཚུལ་དེ་རིགས་ལ་ངེས་པར་དུ་འགྱུར་ལྡོག་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

  
style="display:none;"