མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་ཧ་སང་ནར་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་21ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་ཧ་སང་ནར་དང་མཇལ་འཛོམས་གནང་བ།

         ཤིན་ཧྭ་གསར་འགྱུར་ཁང་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་དུ་པུ་རུ་ནེའི་རྒྱལ་པོ་ཧ་སང་ནར་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་པུའི་འབྲེལ་བའི་དགེ་མཚན་ལྡན་པའི་འཕེལ་ཕྱོགས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་པུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐད་གཉིས་ཕན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཕན་ཚུན་སྤེལ་རེས། ཕྱོགས་མང་ཕན་ཚུན་རོགས་རམ་བཅས་ཀྱི་རོགས་ཟླ་བཟང་པོ་ཞིག་བྱ་རྒྱུ་གཅིག་མཐུན་ཐོག་གཏན་འཁེལ་གནང་བ་རེད།
         ཞི་ཅིན་ཕིང་གིས་ཧ་སང་ནར་གྱིས་དུས་ཡུན་རིང་པོ་ཀྲུང་པུའི་འབྲེལ་བར་ཐུགས་ཁུར་དང་མཐོང་ཆེན་གནང་བར་བསྔགས་བརྗོད་ཆེན་པོ་གནང་ཞིང་། ཁོང་གིས་ད་ཐེངས་ང་པུ་རུ་ནེར་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན། པུ་རུ་ནེའི་མི་དམངས་སེམས་རྩ་འཁོལ་ཞིང་། མཛའ་ཞིང་མཐུན་པ་དང་ལྷག་དོན་དུ་ལམ་བར་དུ་དགའ་བསུ་ཞུ་མཁན་གྱི་གཞོན་ནུ་ལོ་ཆུང་གི་ངོ་གདོང་ནས་ལྷག་བསམ་ཟོལ་མེད་དང་མཛའ་མཐུན་གྱི་འཛུམ་མདངས་འཕྱུར་བར་སེམས་འགུལ་ཐེབས་དགོས་པ་ཞིག་འདུག འདི་ནི་ཀྲུང་པུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་མོ་ལྡན་པའི་མཚོན་ཚུལ་དངོས་ཤིག་རེད། པུ་རུ་ནེའི་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོད་པས“ཞི་བདེའི་རྒྱལ་ཁབ”ཀྱི་མཚན་སྙན་ཐོབ་ངེས་གཏན་རེད། ཀྲུང་གོ་དང་པུ་རུ་ནེའི་ལོ་རྒྱུས་དང་རིག་གནས་ཀྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་པོ་རྒྱ་མཚོས་ཆོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ་ཕན་ཚུན་ཡིད་ཆེས་ཡོད་པའི་གྲོགས་པོ་དང་རོགས་ཟླའང་ཡིན། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཐག་བཅད་པ་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐད་གཉིས་ཕན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཕན་ཚུན་སྤེལ་རེས། ཕྱོགས་མང་ཕན་ཚུན་རོགས་རམ་བཅས་ཀྱི་རོགས་ཟླ་བཟང་པོ་ཞིག་བྱས་ཏེ་མཉམ་ལས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་ཕན་པ་ཐོབ་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ལོ་ཡག་པོ་གཅུན་དགོས། པུ་རུ་ནེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ་པུ་རུ་ནེས་རང་ངོས་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པུ་རུ་ནེ་འདི་ཉིད་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ལ་བརྩི་ཡི་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་པུ་རུ་ནེའི་དཔལ་འབྱོར་སྣ་མང་ཅན་གྱི་འཐབ་ཇུས“2035ལོའི་རེ་འདུན་ཆེན་པོ”དང་འབྲེལ་མཐུད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཉམ་ལས་ཀྱི་ལེའུ་ཡག་པོ་བརྩམ་འདོད་ཡོད། པུ་རུ་ནེའི་ཁེ་ལས་ཀྱིས་ཀྲུང་གོར་ཕྱིར་གཏོང་རྒྱ་ཆེར་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ་པུ་རུ་ནེ་ཕྱོགས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་ལས། ཉ་ལས། ནུས་རྒྱུ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་སྟེ་གྲངས་འཛིན་དཔལ་འབྱོར་དང་དྲ་ཐོག་ཚོང་དོན་སོགས་གསར་དར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཉམས་མྱོང་མཉམ་རོལ་ཡང་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། ལུས་རྩལ། འཕྲོད་བསྟེན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་། རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ། ས་གནས་དབར་སྤེལ་རེས་རྒྱ་ཆེར་གཏོང་བ། ཁྲིམས་འཛིན་དང་། འཇིགས་རྒོལ། རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བཅས་རྒྱག་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་སྤེལ་རེས་མཐུན་སྦྱོར་དང་ཕན་ཚུན་གཞོགས་འདེགས་བྱེད་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་འབྲེལ་བ་དང་དེ་བཞིན་ཨེ་ཤེ་ཡ་ཤར་མའི་མཉམ་ལས་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཤར་རྒྱུད་འཕེལ་རྒྱས་ཁུལ་གྱི་མཉམ་ལས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཕྱོགས་ཡོངས་ནས་དོ་སྙོམས་འཕེལ་རྒྱས་ཡོང་རྒྱུར་རྒྱབ་སྐྱོར་ཡང་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཀྲུང་གོ་དང་པུ་རུ་ནེའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་འདོད་འདུན་ཡང་རེད། པུ་རུ་ནེ་ཕྱོགས་ཀྱིས་བཏོན་པའི་སྲོལ་ལམ་གཉིས་ཀྱི་བསམ་ཕྱོགས་ཏེ། དོ་བདག་རྒྱལ་ཁབ་ཀྱིས་མཛའ་གྲོགས་གྲོས་མོལ་བརྒྱུད་རྩོད་གཞི་ཐག་གཅོད་བྱེད་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་ལྷོ་རྒྱ་མཚོའི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ང་ཚོས་མཚོ་ཐོག་མཉམ་ལས་དང“ལྷོ་རྒྱ་མཚོའི་བྱ་སྤྱོད་ཀྱི་ཚད་གཞིའི”གྲོས་མོལ་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ལྷོ་རྒྱ་མཚོ་དེ་ཉིད་ཞི་བདེའི་རྒྱ་མཚོ་དང་། མཛའ་གྲོགས་རྒྱ་མཚོ། མཉམ་ལས་རྒྱ་མཚོ་བཅས་སུ་བསྐྲུན་དགོས་ཞེས་གསུངས་པ་རེད།
        ཧ་སང་ནར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་པུ་རུ་ནེར་འཚམས་འདྲིར་ཐོག་མར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲིས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཁེའི་མཉམ་ལས་ལ་ཤུགས་སྣོན་ཐེབས་ངེས་རེད། པུ་ཀྲུང་གི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཟམ་མི་ཆད་པར་ཟབ་ཏུའང་འགྲོ་བཞིན་ཡོད། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བར་རིམ་པ་སྤར་བར་ཧ་ཅང་དགའ་པོ་བྱུང་། པུ་རུ་ནེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པའི་གོ་སྐབས་དང་བསྟུན་ནས་ཕྱོགས་གཉིས་པོའི་ཚོང་དོན་དང་། མ་འཇོག ཞིང་ལས། ཡུལ་སྐོར། སློབ་གསོ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཁྲིམས་འཛིན་རོགས་སྐྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་པུ་རུ་ནེ་ཕྱོགས་ཡིད་སྨོན་ཆེན་པོ་སྐྱེ་ཡི་འདུག “2035ལོའི་འདུན་པ་ཆེན་པོའི”འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་དར་རྒྱས་ལ་སྐུལ་འདེད་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཅས་ཀྱི་ཐད་ཀྲུང་གོས་བཏོན་པའི་ནུས་པ་གལ་ཆེན་ལ་པུ་རུ་ནེ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཤར་རྒྱུད་འཕར་ཁུལ་གྱི་མཉམ་ལས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་པུ་ཀྲུང་གི་སྤེལ་རེས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ས་ཁུལ་འདི་གའི་རྒྱལ་ཁབ་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ལྷོ་རྒྱ་མཚོ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་མཉམ་དུ་སྐུལ་འདེད་དང་མཚོ་ཐོག་མཉམ་ལས་ལ་སྐུལ་འདེད་བཏང་བར་པུ་རུ་ནེ་དགའ་ཚོར་སྐྱེ་ཡི་འདུག་ཅེས་གསུངས་པ་རེད།
         གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མཚན་བཀོད་གནང་བ་དཔང་པོ་གནང་བ་རེད།
        ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པུ་རུ་ནེ་ཏ་རུ་ས་རམ་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
        གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་ཧ་སང་ནར་གྱིས་རྒྱལ་པོའི་ཕོ་བྲང་མདུན་ངོས་ཀྱི་ཐང་ཆེན་དུ་འཚོགས་པའི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།
         ཟླ་11པའི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནི་ནམ་མཁའ་གཡའ་དག་ཅིང་ཡུལ་ལྗོངས་པིར་གྱིས་བྲིས་པ་ལྟར་མཛེས། དེ་ཉིན་སྔ་དྲོ་པུ་རུ་ནེའི་རྒྱལ་རྒྱུད་འཛིན་མཁན་པི་ལཱ་ཀྲུང་གོའི་སྐུ་ཚབ་ཚོགས་པའི་བཞུགས་གནས་སུ་ཞི་ཅིན་ཕིང་གདན་འདྲེན་ཞུ་བར་བཅར་བ་རེད།
         རྒྱལ་པོའི་ཕོ་བྲང་ཉེ་འགྲམ་གྱི་ལམ་གཡས་གཡོན་དུ་གྲུང་ཤ་དོད་པའི་ཡུལ་དེ་གའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་4000ལྷག་ཙམ་གྱིས་ཀྲུང་པུ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་འཕྱར་ཏེ་ཀྲུང་གོའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
         ཞི་ཅིན་ཕིང་རྒྱལ་པོའི་ཕོ་བྲང་དུ་ཕེབས་འབྱོར་ཟིན་སྐབས་ཧ་སང་ནར་གྱིས་རླངས་འཁོར་འཇོག་ཡུལ་དུ་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟིགས་ཞིབ་སྟེགས་བུར་བཞེངས་ཤིང་། གཟབ་སྦྲེང་རུ་ཁག་གིས་གུས་འདུད་ཞུས། དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་པུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ། དེ་གར་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ། ཧ་སང་ནར་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། གཟིགས་ཞིབ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་པོའི་ཕོ་བྲང་ནང་མར་ཕེབས། ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་རྒྱུད་ཀྱི་ཁོངས་མི་དང་། དཔོན་རིགས་གཙོ་བོ། དེ་བཞིན་པུ་རུ་ནེར་བཅའ་སྡོད་རྒྱལ་ཁབ་ཁག་གི་ཕོ་ཉ་བཅས་ལ་ཕྱག་བཏང་གནང་། ཧ་སང་ནར་གྱིས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་ཕྱག་བཏང་བ་རེད།
         ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་རྒྱུད་ཁོངས་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། ཁོང་གིས་པུ་རུ་ནེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཞི་བདེ་དང་མཛེས་སྡུག་ལྡན་པའི་ས་གཞི་འདིར་སླེབས་མ་ཐག་ངས་རྒྱལ་པོ་དང་། རྒྱལ་རྒྱུད། དེ་བཞིན་པུ་རུ་ནེའི་མི་དམངས་བཅས་ཀྱིས་ཀྲུང་གོའི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་དངོས་གནས་ཚོར་བྱུང་། པུ་རུ་ནེའི་རྒྱལ་རྒྱུད་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོར་མཛའ་གྲོགས་སྲིད་ཇུས་ལག་ལེན་བསྟར་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། རྒྱལ་རྒྱུད་ཀྱི་ཁོངས་མི་ཀྲུང་གོའི་ས་གནས་ཁག་ཏུ་གཟིགས་སྐོར་ལ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་པུའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་ཕྱིན་ཏེ་རྒྱལ་ཁབ་གཉིས་པོའི་གཉིས་ཁེའི་མཉམ་ལས་ལ་རྒྱུན་ཆད་མེད་པར་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།

ཟླ་11ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་དུ་པུ་རུ་ནེའི་རྒྱལ་པོ་ཧ་སང་ནར་དང་མཇལ་འཛོམས་གནང་ཞིང་། མཇལ་འཛོམས་མ་གནང་གོང་ཞི་ཅིན་ཕིང་ཧ་སང་ནར་གྱིས་རྒྱལ་པོའི་ཕོ་བྲང་མདུན་ངོས་ཀྱི་ཐང་ཆེན་ཐོག་འཚོགས་པའི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད། འདི་ནི་ཧ་སང་ནར་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བའི་གནས་ཚུལ་ཡིན་པ།
ཟླ་11ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་དུ་པུ་རུ་ནེའི་རྒྱལ་པོ་ཧ་སང་ནར་དང་མཇལ་འཛོམས་གནང་ཞིང་། མཇལ་འཛོམས་མ་གནང་གོང་ཞི་ཅིན་ཕིང་ཧ་སང་ནར་གྱིས་རྒྱལ་པོའི་ཕོ་བྲང་མདུན་ངོས་ཀྱི་ཐང་ཆེན་ཐོག་འཚོགས་པའི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད། འདི་ནི་ཧ་སང་ནར་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བའི་གནས་ཚུལ་ཡིན་པ།

  
style="display:none;"