མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ལིའུ་ཧྲའོ་ཆི་སྐུ་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་
བཞུགས་མོལ་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་25ཉིན། 18:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ལིའུ་ཧྲའོ་ཆི་སྐུ་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་
བཞུགས་མོལ་ཚོགས་འདུ་འཚོགས་པ།

            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བློ་མཐུན་ལིའུ་ཧྲའོ་ཆི་སྐུ་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་གུང་ཁྲན་རིང་ལུགས་ཆེད་ཚེ་གང་འབད་འཐབ་བྱེད་པའི་དད་སེམས་བརྟན་པོས་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས་དཀའ་ངལ་ཁྱད་བསད་དང་འབད་འབུངས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ཡོད། ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་ང་ཚོའི་ལག་ཏུ་སྤྲད་ཡོད། ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བཅས་བྱས་ཏེ་བློ་མཐུན་ལིའུ་ཧྲའོ་ཆི་སོགས་གསར་བརྗེ་པ་རྒན་གྲས་ཚོས་སྐུ་ཚེ་ཧྲིལ་པོར་འབད་འཐབ་གནང་བའི་རླབས་ཆེན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
         ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། དང་ཐོག་ང་ཚོས་ ལྷད་མེད་ཀྱི་གུས་བཀུར་བཅངས་བཞིན་དུ་དེ་གར་འདུ་འཛོམས་གཟབ་རྒྱས་ཀྱིས་བློ་མཐུན་ལིའུ་ཧྲའོ་ཆི་སྐུ་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུས་ཏེ་ཁོང་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་བཞག་པའི་མི་ནུབ་པའི་མཛད་རྗེས་ལ་དྲན་གསོ་ཞུ་བ་དང་། ཁོང་གིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར། མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད་འབད་འཐབ་ལྷོད་མེད་གནང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་རྗེས་དྲན་ཞུ་བ་དང་འབྲེལ། ཁོང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་མུ་མཐུད་འབད་འཐབ་བྱེད་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་གསུངས་པ་རེད། 
         ཞི་ཅིན་ཕིང་གིས་བློ་མཐུན་ལིའུ་ཧྲའོ་ཆི་ནི་རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ་དང་རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། རིགས་པའི་གཞུང་ལུགས་མཁས་ཅན་བཅས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གཙོ་བོའི་གྲས་ཤིག་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་འཛུགས་ལ་མཛད་རྗེས་འཇོག་མཁན། ཏང་གི་མི་རབས་དང་པོའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་ཁོངས་མི་གལ་ཆེན་ཞིག་བཅས་ཡིན། བློ་མཐུན་ལིའུ་ཧྲའོ་ཆིའི་དཔའ་བོའི་མཚན་སྙན་ཀྲུང་གོ་མི་དམངས་དང་། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་ཟིལ་རླབས་དགུང་འཕྱུར་གྱི་འབད་འཐབ་ལོ་རྒྱུས་དང་དམ་པོར་འབྲེལ་ཡོད། ཁོང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཆེད་ཐུགས་ནུས་ཡོད་རྒུ་བཏོན་ཏེ་དཔལ་འབྱོར་དང་། ཆབ་སྲིད། དམག་དོན། རིག་གནས། སློབ་གསོ། ཕྱི་འབྲེལ། ཏང་འཛུགས་སྐྱོང་སོགས་ཀྱི་ཐད་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་ཡོད་ལ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྙིང་དབུས་ནས་གུས་བཀུར་ཐོབ་ཡོད་ཅེས་གསུངས་པ་རེད། 
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བློ་མཐུན་ལིའུ་ཧྲའོ་ཆིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་ཆེད་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོར་ཐུགས་བརྩེ་ཟབ་མོས་ཕྱིར་དྲན་གནང་ཞིང་། ཁོང་གིས་བློ་མཐུན་ལིའུ་ཧྲའོ་ཆིས་ལོ་བཅུ་གྲངས་ཉིན་གཅིག་ལྟར་འབད་འཐབ་ལྷོད་མེད་གནང་བ་དང་། རང་རེའི་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་བཟུང་ཡོད། བློ་མཐུན་ལིའུ་ཧྲའོ་ཆིའི་བླ་ན་མེད་པའི་ཀུན་སྤྱོད་དང་བླ་ན་མེད་པའི་དགོངས་ཚུལ་སྔོན་ཆད་དང་། ད་ལྟ། མ་འོངས་བཅས་གང་གི་དུས་སུའང་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས་ཀྱིས་སློབ་སྦྱོང་བྱེད་པའི་འོད་སྟོང་འཕྲོ་བའི་མིག་དཔེ་ཞིག་རེད། བློ་མཐུན་ལིའུ་ཧྲའོ་ཆིའི་དཔའ་བོའི་མཚན་སྙན་དང་མཛད་རྗེས་ནམ་ཡང་ཀྲུང་གོ་མི་དམངས་ཀྱི་སེམས་ནང་ངེས་སྲིད་ཅེས་ནན་བཤད་གནང་བ་རེད། 
         ཞི་ཅིན་ཕིང་གིས་བློ་མཐུན་ལིའུ་ཧྲའོ་ཆི་ནི་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་འོད་སྟོང་འཕྲོ་བའི་མིག་དཔེ་ཞིག་རེད། གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་གྱི་དད་སེམས་བརྟན་དུ་བཏང་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ནམ་ཡང་ལྷག་བསམ་རྣམ་དག་བྱེད་དགོས། སེམས་ནང་དད་སེམས་ཡོད་ན། བྱ་སྤྱོད་ལ་སྟོབས་ཤུགས་ལྡན་པ་ཡིན། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆིར་སློབ་སྦྱོང་ཞུས་ཏེ་ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་ཆགས་ས་རྟེན་སའི་རྩ་བ་དང་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ཡིན་པ་བློ་ལ་ངེས་དགོས། རྩ་བ་བརྟན་འཛུགས་དང་བླ་སྲོག་བརྟན་གཏོང་ཐད་འབད་བརྩོན་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་དང་གཅིག་གྱུར་བྱེད་པ་དང་ང་ཚོས་བསྒྲུབ་བཞིན་པའི་བྱ་བ་དང་གཅིག་གྱུར་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས་བརྟན་པོ་སྲུང་བ་བཅས་བྱས་ཏེ་གུང་ཁྲན་རིང་ལུགས་ཆེད་ཚེ་གང་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད། 
           ཞི་ཅིན་ཕིང་གིས་བློ་མཐུན་ལིའུ་ཧྲའོ་ཆི་ནི་བདེན་དོན་མཐའ་འཁྱོངས་དང་དངོས་ཐོག་བདེན་འཚོལ་གྱི་འོད་སྟོང་འཕྲོ་བའི་མིག་དཔེ་ཞིག་རེད། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་། བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆིར་སློབ་སྦྱོང་ཞུས་ཏེ་ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་གནད་དོན་ལ་ཐད་ཀར་ཕྱོགས་ཕོད་པ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བདེན་དོན་མཐའ་འཁྱོངས་བྱེད་རྒྱུར་གྲ་སྒྲིག་དང་དུས་དང་རྣམ་པ་ཀུན་ཏུ་ནོར་འཁྲུལ་ཡོ་བསྲང་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
            ཞི་ཅིན་ཕིང་གིས་བློ་མཐུན་ལིའུ་ཧྲའོ་ཆི་ནི་འགན་འཁྲི་ཁུར་ཕོད་མཁན་དང་གསར་གཏོད་བྱེད་ཕོད་མཁན་གྱི་འོད་སྟོང་འཕྲོ་བའི་མིག་དཔེ་ཞིག་རེད། གུང་ཁྲན་ཏང་མིས་ངེས་པར་དུ་སྤྱི་ཚོགས་སྒྱུར་བཀོད་དང་འཛམ་གླིང་སྒྱུར་བཀོད་བྱེད་ཕོད་མཁན་ཞིག་བྱས་ནས་འགན་འཁྲི་ཁུར་ཕོད་པ་དང་དཀའ་ངལ་ལ་ཐད་ཀར་གཏུག་ཕོད་པ་བྱེད་དགོས། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆིར་སློབ་སྦྱོང་ཞུས་ཏེ་ཏང་གི་རྩ་དོན་ཨང་དང་པོར་འཛིན་པ་དང་། ཏང་གི་བྱ་གཞག་ཨང་དང་པོར་འཇོག་པ། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་བཅས་མཐའ་འཁྱོངས་བྱས་ཏེ་ཡིན་མིན་གྱི་གནས་ཚུལ་ཆེན་པོའི་མདུན་དུ་རལ་གྲི་བཤམས་ཕོད་པ་དང་། འགལ་ཟླའི་མདུན་དུ་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱེད་ཕོད་པ། ཉེན་ཁའི་མདུན་དུ་ཕྱིར་དོན་ཕོད་པ། ནོར་འཛོལ་གྱི་མདུན་དུ་འགན་འཁྲི་ཁུར་ཕོད་པ། བྱ་ངན་སྤྱོད་ངན་གྱི་མདུན་དུ་འཐབ་རྩོད་བློ་ཐག་ཆོད་པོ་ཞིག་བྱེད་ཕོད་པ་བཅས་བྱེད་དགོས། གུང་ཁྲན་ཏང་ཡོན་ཚང་མས་ལས་འགན་སྒྲུབ་སེམས་ཆེན་པོས་འཁུར་དགོས་པའི་འགན་འཁྲི་འཁུར་ནས་དུས་རབས་ཀྱི་བླང་བྱ་དང་། ལག་ལེན་གྱི་བླང་བྱ། མི་དམངས་ཀྱི་བླང་བྱ་བཅས་ཀྱི་རྗེས་སུ་བསྙེགས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་བ་དང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
           ཞི་ཅིན་ཕིང་གིས་བློ་མཐུན་ལིའུ་ཧྲའོ་ཆི་ནི་སློབ་སྦྱོང་ལ་བརྩོན་པ་དང་ཤེས་སྤྱོད་ཟུང་འབྲེལ་གྱི་འོང་སྟོང་འཕྲོ་བའི་མིག་དཔེ་བཟང་པོ་ཞིག་རེད། སློབ་སྦྱོང་ལ་མཐོང་ཆེན་བྱ་རྒྱུ་ནི་རང་རེའི་ཏང་གིས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཞིག་རེད། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆིར་སློབ་སྦྱོང་ཞུས་ཏེ་སློབ་སྦྱོང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་ཏང་ཡོངས་སུ་སློབ་སྦྱོང་བྱེད་མཁས་པ་དང་ལག་ལེན་ཕོད་པའི་རྣམ་པ་ཟབ་མོ་བཏོད་དེ་མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་རྣམ་པའི་སྲིད་ཏང་བསྐྲུན་པ་དང་སློབ་སྦྱོང་གི་རྒྱལ་ཁབ་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། འཇོན་ཐང་གི་སློབ་སྦྱོང་བྱ་རྒྱུ་ནི་འགོ་ཁྲིད་ལས་བྱེད་པར་ངེས་པར་དུ་འཛོམས་དགོས་ངེས་ཀྱི་འཇོན་ཐང་ཐོག་མ་དེ་ཡིན་པ་དང་ཆབས་ཅིག་སྦྱངས་པའི་འཇོན་ཐང་དོན་དངོས་ལས་ཀའི་ནང་སྤྱད་ནས་ཤེས་སྤྱོད་ཟུང་འབྲེལ་དང་། ཤེས་བྱས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། བྱ་སྤྱོད་ཀྱི་ཐོག་ནས་ཤེས་བྱ་སྦྱོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
           ཞི་ཅིན་ཕིང་གིས་བློ་མཐུན་ལིའུ་ཧྲའོ་ཆི་ནི་ཐུགས་སུ་མི་དམངས་བཅངས་མཁན་དང་སྤྱོད་གཙང་གཞུང་བཀུར་གྱི་འོད་སྟོང་འཕྲོ་བའི་མིག་དཔེ་ཞིག་རེད། གུང་ཁྲན་ཏང་ཡོན་ཚང་མ་ནི་གོ་གནས་ཇི་ཙམ་མཐོ་ཡང་མི་དམངས་ཀྱི་ཞབས་འདེགས་པ་ཞིག་རེད། དེ་རིང་ང་ཚོས་བློ་མཐུན་ལིའུ་ཧྲའོ་ཆིར་སློབ་སྦྱོང་ཞུས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་བསྲུངས་ནས་མི་དམངས་མང་ཚོགས་སེམས་ཀྱི་དབུས་སུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཆེད་བདེ་སྐྱིད་དོན་གཉེར་བྱ་རྒྱུ་དེ་རྩ་བའི་འགན་འཁྲིར་བརྩི་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 

  
style="display:none;"