མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ལི་ས་ཅིན་ཐ་ཡེ་ཧྥུ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་24ཉིན། 16:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ལི་ས་ཅིན་ཐ་ཡེ་ཧྥུ་དང་མཇལ་འཛོམས་གནང་བ།

          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧ་སག་སི་ཐན་གྱི་ཙུང་ལི་ས་ཅིན་ཐ་ཡེ་ཧྥུ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ས་ཅིན་ཐ་ཡེ་ཧྥུར་ཙུང་ཐུང་ན་ཀྲེར་པ་ཡེ་ཧྥུ་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞེས་གསུངས་པ་དང་། ཞི་ཅིན་ཕིང་གིས་ང་དང་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུའི་དབར་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་དང་། ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་བ། ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་འགྲོ་རྒྱུར་ཐུན་མོང་ཐོག་སྣེ་ཁྲིད་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཐུན་མོང་འབད་བརྩོན་འོག་ཐུན་མོང་གི་ངོས་འཛིན་དེ་དག་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བཞིན་ཡོད། མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་དབར་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་ཧ་སག་སི་ཐན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་མོས་མཐུན་བྱ་རྒྱུ་མ་ཟད། ཧ་སག་སི་ཐན་གྱི་མི་དམངས་ཀྱིས་རྒྱལ་ཁབ་དེ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཡང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་འདི་ལོ་ནི་ངས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་ལྔ་འཁོར་བའི་ལོ་ཞིག་རེད། ལོ་ལྔའི་རིང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཆེད་སྒུལ་ནུས་གསར་པ་བསྣན་ཡོད། ང་ཚོས་ཧ་སག་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུས་པ་དང་དེའི་ནང་ཧུར་ཐག་ཞུགས་པར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་ཧ་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྨང་གཞི་བརྟན་ལ་མདུན་ལམ་ཡངས་པོ་ཡོད། གོམ་སྟབས་རྗེས་མར་ཕྱོགས་གཉིས་པོས་གཙོ་གནད་ཐོག་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་དང“འོད་ཟེར་ལམ་བུའི”དཔལ་འབྱོར་སྲིད་ཇུས་གསར་པ་སྦྲེལ་མཐུད་ཡག་པོ་ཡོང་བ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་འཆར་གཞི་ཡག་པོ་འདིང་དགོས་ཞེས་གསུངས་པ་རེད།
         ས་ཅིན་ཐ་ཡེ་ཧྥུ་ཡིས་ཐོག་མར་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས་ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་། གྲོགས་པོ་བཟང་པོ། འཐབ་ཇུས་རོགས་ཟླ་བཅས་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ལྔའི་གོང་ཧ་སག་སི་ཐན་ལ་བཏོན་པའི་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་གྲོས་འགོར་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། གྲོས་འགོ་རླབས་ཆེན་དེས་ས་ཁོངས་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ། འཛམ་གླིང་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་དེ་རྒྱ་མཚོ་ཆེན་པོར་དཔེ་བཞག་གནང་བས་ཧ་སག་སི་ཐན་ཕྱོགས་ཀྱིས་ཧ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གྲུ་གཟིངས་དེ་ཀྲུང་གོའི་དཔལ་འབྱོར་གྱི་རྒྱ་མཚོ་ཆེན་པོའི་ནང་གྲུ་ཡོར་བཀལ་ནས་རྒྱང་རིང་ཕྱོགས་སུ་ཐོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

  
style="display:none;"