མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་མ་ཏེ་རིར་ཕེབས་འབྱོར་ཟིན་ནས་སི་ཕེན་རྒྱལ་ལྡན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་
འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་29ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་མ་ཏེ་རིར་ཕེབས་འབྱོར་ཟིན་ནས་སི་ཕེན་རྒྱལ་ལྡན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་
འགོ་ཚུགས་པ།

       ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མ་ཏེ་རིར་ཕེབས་འབྱོར་ཟིན་ནས་སི་ཕེན་རྒྱལ་ལྡན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གནམ་གྲུ་ནས་ཕྱིར་དོན་བཞིན་པ།
       ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཏེ་རི་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མ་ཏེ་རིར་ཕེབས་འབྱོར་ཟིན་ནས་སི་ཕེན་རྒྱལ་ལྡན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
        ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་སི་ཕེན་གྱི་མངའ་ཁོངས་བར་སྣང་དུ་འཕུར་སྐབས་སི་ཕེན་གྱི་མཁའ་དམག་དམག་འཐབ་གནམ་གྲུ་2ཀྱིས་སྲུང་སྐྱེལ་བྱས་ཤིང་། ས་གནས་དེ་གའི་དུས་ཚོད་ཆུ་ཚོད་16དང་སྐར་མ་05ལ་ཆེད་གཏོང་གནམ་གྲུ་མ་ཏེ་རིའི་པཱ་ལ་ཧ་སི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། སི་ཕེན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ལ་ཕེབས་བསུ་ཞུས་པ་དང་སི་ཕེན་གྱི་ལོ་ཆུང་བྱིས་པས་ཀྱང་ཞི་ཅིན་ཕིང་སྟངས་དཔྱལ་ལ་མེ་ཏོག་ཕུལ་བ་རེད། གུས་དམག་ས་གདན་དམར་པོའི་གཞོགས་གཉིས་སུ་ལངས་ཡོད་པ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་སི་ཕེན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་སི་ཕེན་དབར་གྱི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ལོ་2000ལྷག་ཙམ་གྱི་གོང་དུ་གནའ་བོའི་སྐམ་སའི་དར་གོས་ལམ་བུས་གནའ་གྲོང་ཁྲང་ཨན་དང་སི་ཕེན་གྱི་ཐ་ལ་ཀ་ན་དམ་པོར་སྦྲེལ་ཡོད། ལོ་400ལྷག་ཙམ་གྱི་གོང་ཕྱོགས་གཉིས་པོས་མཚོ་ཐོག་གི་དར་གོས་ལམ་བུར་བརྟེན་ནས་ཚོང་དོན་འགྲོ་འོང་ཟབ་མོ་བྱེད་འགོ་བཙུགས་ཡོད། 1973ལོར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད། 2005ལོར་རྒྱལ་ཁབ་གཉིས་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་བརྒྱུད་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་བསྐྱོད་ཡོད། མིག་སྔར་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་དུ་སླེབས་ཡོད་པས། ཕྱོགས་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་སྲ་བརྟན་དུ་གཏོང་རྒྱུ། དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུ་བཅས་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། གྲ་རྒྱས་བཅས་ལའང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ངས་ཧྥེ་ལི་ཕིའི་རྒྱལ་པོ་ཁྲི་ཐོག་དྲུག་པ་དང་སང་ཆེ་སིའི་དབུ་བཞུགས་བློན་ཆེན་སོགས་སི་ཕེན་གྱི་འགོ་ཁྲིད་པ་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་རྒྱ་ཁྱབ་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་སི་ཕེན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་དུས་རབས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        ཏིང་ཤུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱིས། ཧོ་ལི་ཕུང་སོགས་ཕེབས་རོགས་མི་སྣ་མཉམ་དུ་ཕེབས་འབྱོར་ཟིན་པ་རེད།
        སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའེ་ཧྥན་ཡང་གནམ་ཐང་དུ་ཕེབས་བསུ་ཞུ་བར་བཅར་ཡོད་པ་རེད།
        སི་ཕེན་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་ད་དུང་ཨ་ཀེན་ཐིན་དང་། ཕ་ན་མ། ཕོར་ཐིའུ་ཀལ་བཅས་སུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་དང་འབྲེལ་ཨ་ཀེན་ཐིན་གྱི་པུ་དབྱི་ནུའོ་སི་ཨེ་ལི་སིར་འཚོག་རྒྱུའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གསུམ་པར་ཡང་ཞུགས་རྒྱུ་རེད།

  
style="display:none;"