མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་དབྱི་ནོ་སི་ཨེ་རི་སིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་ཕྱོགས་མང་རིང་ལུགས་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཤོས་ཀྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པར་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོར་འགྲན་སློང་རྒྱུན་ཆད་མེད་པར་འཕྲད་པའི་སྐབས་རྒྱལ་ཁབ་ཁག་གིས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་ལས་དེ་བས་ལེགས་པའི་གདམ་ག་གཞན་མེད། ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཁེ་ཕན་དང་རེ་འབོད་མི་གཅིག་པ་སྣ་ཚོགས་ཁྲོད་མཉམ་གྲོས་མཉམ་སྤྱོད་དང་། མཐུན་ལ་མི་འདྲ་བ། མཉམ་ལས་གཉིས་ཕན་བཅས་ཇི་ལྟར་ཡོང་བའི་ཐད་བསམ་གཞིག་ཡང་ཡང་བྱས་པ་ཞིག་ཡིན། དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། འཛམ་གླིང་ཐོག་གི་རྒྱལ་ཁབ་ཕལ་ཆེ་བས་ཀྱང་ཕྱོགས་མང་རིང་ལུགས་ཀྱི་ཕྱོགས་སུ་ལངས་རྒྱུ་ཡིན་པར་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད། 
          ཀུ་ཐེ་ལེ་སིས་མིག་སྔའི་དུས་བབ་འོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་རྒྱུར་མཐའ་གཅིག་ཏུ་གཞོལ་ནས་ཕྱོགས་མང་རིང་ལུགས་ཀྱི་ནུས་པ་འདོན་དུ་འཇུག་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང《ཕ་རི་སིའི་གྲོས་མཐུན》དོན་འཁྱོལ་ཐད་མིག་དཔེའི་ནུས་པ་བཏོན་པར་གདེང་འཇོག་ཆེན་པོ་བྱས་ཡོད། དོན་དངོས་ལས་ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཡིན་པ་ར་འཕྲོད་བྱུང་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་ཚོང་དོན་ལ་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། 2030ལོར་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་སོགས་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད། 

  
style="display:none;"