མི་དམངས་དྲ་བ།

༄༅།།ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་
ཆོས་ལུགས་ཀྲུང་གོ་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཡིའུ་ཆོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ།
      ཟླ་3ཚེས་19དང་20ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་ཧོ་པེར་བརྟག་ཞིབ་གནང་བར་ཕེབས་པ་རེད།
      ཡིའུ་ཆོན་གྱིས་སྔ་རྗེས་སུ་པའོ་ཏིང་དང་ཧྲི་ཅ་ཀྲོང་དུ་ཕེབས་ནས་ཆོས་ཁང་དང་། དགོན་པ། ཆོས་ལུགས་སློབ་གླིང་བཅས་སུ་འཚམས་འདྲི་གནང་ཞིང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་དང་བྱམས་བརྩེའི་སྤེལ་རེས་གནང་བ་མ་ཟད། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐད་འབྲེལ་ཡོད་ཏང་སྲིད་ལས་བྱེད་པ་དང་བཞུགས་མོལ་ཡང་གནང་བ་རེད། ཡིའུ་ཆོན་གྱིས་ཧོ་པེའི་ཆོས་ལུགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་གིས་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་དང་གསར་དུ་དག་བཅོས་བྱས་པའི《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ་དང་། དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་སྟེ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་གལ་ཆེན་ཡག་པོ་འདོན་པ་དང་། ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་ཀྱི་བསྟན་དོན་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་དང་འཚམ་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་དགོངས་དོན་དང་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་འཆད་འགྲེལ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱིས་སྐྱོང་བ། དེང་རབས་ཤེས་དཔལ་གྱིས་རང་རྒྱལ་གྱི་ཆོས་ལུགས་ལ་ཤུགས་རྐྱེན་ཐེབས་པ་བཅས་བྱས་ཏེ་རང་རྒྱལ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། གཞི་རིམ་ཆོས་ལུགས་ལས་དོན་གྱི་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་ཆོས་ལུགས་ལས་དོན་སྒྲིག་གཞིའི་ཁྲིམས་འཛིན་བྱེད་པོའི་ཐོབ་ཐང་འགན་ལེན་བྱེད་པ། དད་ལྡན་མང་ཚོགས་ལ་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དུ་འཇུག་དགོས་ཞེས་གསུངས་པ་རེད།

  
style="display:none;"