མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་དང་། མར་ཏི་ཝེའི་ཙུང་ཐུང་། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་
བཅས་སོ་སོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་18ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅཱ་ཉི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་ནི་སྲོལ་རྒྱུན་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཉམ་ལས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞིའི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རེ་བ་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན། འདི་ནི་ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་དང་ས་ཁུལ་དེའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་གླེང་མོལ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱིས་མི་རིགས་བར་འདུམ་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་རྩ་བའི་བྱེད་ཐབས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། “ཨ་ཧྥུ་ཀ་ནི་སི་ཐན་བས་གཙོ་ཁྲིད་བྱེད་པ་དང་ཨ་ཧྥུ་ཀ་ནི་སི་ཐན་བར་དབང་བའི”རྩ་དོན་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་དང་བར་འདུམ་གྱི་འཕེལ་རིམ། ཨ་ཧྥུ་ཀ་ནི་སི་ཐན་སྔ་ཙམ་ཞི་བདེའི་ངང་བསྐྱར་སྐྲུན་བཅས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཉེ་དུས་ཐེ་ཧེ་རན་གྱི་གྲོས་མོལ་ཐོག་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་རྒྱལ་ནང་གི་ཤོག་ཁག་ཁག་དབར་ཐུན་མོང་ངོས་འཛིན་གཅིག་གྱུར་བྱུང་བ་ཀྲུང་གོ་ཕྱོགས་ཀྱིས་དགའ་སྤྲོའི་ངང་མཐོང་བྱུང་། ཞི་བའི་གྲོས་མོལ་ཕྱོགས་གཉིས་པོས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་ཀྱི་ཁེ་ཕན་གཙོ་བོར་བཞག་ནས་གྲོས་མོལ་བརྒྱུད་སྔ་ཙམ་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཇོག་ཐུབ་པའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡིན།
   ཅཱ་ཉིས། ཀྲུང་གོས་གྲུབ་འབྲས་ཐོབ་པའི་ངང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་བཅག་པ་དང་འབྲེལ། དཔལ་འབྱོར་སྔོན་ལ་འཕར་ནས་འཛམ་གླིང་རྒྱལ་ཁབ་ཚང་མར་ཕན་ཐོགས་ཀྱི་ནུས་པ་ཐོན་ཡོད། ཨ་ཧྥུ་ཀ་ནི་སི་ཐན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་མཉམ་མཐུད་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རེ་བ་ཡོད། ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གིས་ཆབ་སྲིད་ལ་བརྟེན་ནས་མིག་སྔའི་ཉེན་ཁ་ཐག་གཅོད་བྱེད་པར་འབད་བརྩོན་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་ཡུན་རིང་ཞི་བདེ་ཡོང་བ་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ནི་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བར་མུ་མཐུད་ནུས་པ་གལ་ཆེན་འདོན་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མར་ཏི་ཝེའི་ཙུང་ཐུང་སཱ་ལི་ཧོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་མར་དབར་ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོས་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཆེ་ཆུང་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཁེ་གཉིས་ཕན་གྱི་མིག་དཔེ་བཏོད་ཡོད། 2014ལོར་ང་མར་ཏི་ཝེ་ལ་རྒྱལ་དོན་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་པོས་འབྱུང་འགྱུར་ལ་ཕྱོགས་པའི་ཕྱོགས་ཡོངས་ཀྱི་མཛའ་གྲོགས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པའི་ཐག་བཅད་པས་ཕྱོགས་གཉིས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ཡོད། དུས་སང་ནི་ཀྲུང་མར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་ཕྱོགས་དང་བྱེད་ཐབས་སྣ་མང་ལ་བརྟེན་ནས་རྟེན་འབྲེལ་བྱེད་སྒོ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཀྲུང་མར་དབར་གྱི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུང་མར་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེའི་རིམས་ནད་འགོག་རྒོལ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་པ་སོགས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་མར་ཏི་ཝེ་ཕྱོགས་རིམས་ནད་ལས་རྣམ་པར་རྒྱལ་བར་གཞོགས་འདེགས་བྱེད་ཀྱི་ཡིན། མར་ཏི་ཝེ་ཕྱོགས་ཀྱིས་མར་ཏི་ཝེར་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣའི་བདེ་འཇགས་དང་བདེ་ཐང་ལ་སེམས་ཁུར་བྱེད་པའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་རྩ་དེ་བས་མང་བ་འཐོབ་པ་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་ཕྱོགས་མང་གནད་ལ་ཕན་ཚུན་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད།
    སཱ་ལི་ཧོ་ཡིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་གི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་འཛམ་གླིང་རྒྱལ་ཁབ་ཁག་གི་འདྲ་མཉམ་དང་། དར་རྒྱས། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཕྱོགས་མང་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་འབོད་སྐུལ་བྱས་པ་མ་ཟད། རང་དཔེ་གཞན་སྟོན་བྱས་པར་མར་ཏི་ཝེ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བ་དང་འབྲེལ་མར་ཏི་ཝེ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་སྒེར་སེམས་མེད་པའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། མར་ཏི་ཝེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ཏེ། དུས་སང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ནས། མར་ཀྲུང་ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཧུར་ཐག་བྱས་ཏེ་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་མོང་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རིམས་འགོག་བྱས་པས། མཛའ་གྲོགས་འབྲེལ་བ་ཟབ་པའི་མི་སེམས་འགུལ་བའི་གཏམ་སྙན་ཐོན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། མོང་གོལ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་བྱེད་འདོད་ཡོད། མིག་སྔའི་དུས་བབ་འོག་ཀྲུང་མོང་གི་ཐུན་མོང་ཁེ་ཕན་ཇེ་མང་དུ་འགྲོ་བཞིན་ཡོད། ཕྱོགས་གཉིས་པོས་རང་བཙན་དང་། བདག་དབང་། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་ཕན་ཚུན་བརྩི་འཇོག་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་ཕན་ཚུན་བརྩི་འཇོག ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ཕན་ཚུན་ལྟ་རྟོག་དང་རྒྱབ་སྐྱོར་བཅས་བྱས་ནས་ཀྲུང་མོང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་རབས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་པོས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལེགས་ཆ་བཏོན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ“རྩྭ་ཐང་ལམ་བུའི”གྲོས་འགོ་དང་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ་གཏེར་ནུས་དང་། རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་གྱི་གཏེར་ཁའི་ཐོན་རྫས་དང་ཞིང་འབྲོག་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་ཀྱིས་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
   ཧུའུ་རི་ལེ་སུའུ་ཧོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། འདས་ཟིན་པའི་ལོ་ངོ་100ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་གནང་བར་སྤྱིར་བཏང་མིན་པའི་གྲུབ་འབྲས་མང་པོ་ཐོབ་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཡོད། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་གསར་པར་ཀྲུང་གོར་གྲུབ་འབྲས་གསར་པ་འཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་འོག་མོང་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཐད་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། དཀའ་ཉེན་གྱི་དུས་སུ་བརྩེ་སེམས་ཟབ་མོ་མངོན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ལ་དཀའ་ངལ་འཕྲད་པའི་སྐབས་སུ་རྩ་ཆེའི་རོགས་རམ་གནང་བར་མོང་གོལ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུང་གོ་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་ལས་མོང་གོལ་ལ་གོ་སྐབས་གལ་ཆེན་ཐོབ་པ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགྲོ་འོང་དམ་ཟབ་བྱས་ཏེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཧུར་ཐག་བྱེད་པ། ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"