མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་ཞལ་པར་ཐོག་ནས་བཀལ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་29ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་འགའི་ནང་ཀྲུང་གོ་དང་ཧྥི་ལི་ཕིན་དབར་གྱི་འབྲེལ་བ་སླར་གསོ་དང་། སྲ་བརྟན། མཐོར་གཏོང་བཅས་བྱུང་བ་བརྒྱུད་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་ཐོབ་པ་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་དྲང་ནུས་ཀྱང་མཁོ་འདོན་བྱས་ཡོད། ཀྲུང་གོ་བ་རྣམས་ཀྱིས“སེམས་པ་ཕན་ཚུན་རྟེན་གྱུར་ན། མཛའ་གྲོགས་ཟབ་མོ་ཡུན་དུ་གནས”ཞེས་ཤོད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་གྲོགས་པོར་ཁ་དན་ཚིག་ལ་གནས་པའང་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྥི་ལི་ཕིན་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཧྥི་ལི་ཕིན་ཕྱོགས་ཀྱིས་རང་བཙན་རང་བདག་དང་། ཞི་བདེ་བཅས་ཀྱི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཧྥི་ལི་ཕིན་ཕྱོགས་དང་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་གྱི་ཁ་ཕྱོགས་ཆེན་པོ་བརྟན་པོར་བསྲུངས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་གི་འགྲོ་ལམ་བརྒྱུད་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་ཐུབ་པའི་འགན་ལེན་བྱེད་འདོད་ཡོད། ངས་ཁྱེད་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་སེམས་ཁུར་བྱེད་པའི་གལ་ཆེའི་དོན་གནད་ལ་རྟག་ཏུ་བསམ་འཆར་བརྗེ་རེས་བྱེད་འདོད་ཡོད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏོག་གསར་གློ་ཚད་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ནས་དཔལ་འབྱོར་སླར་གསོ་དང་འཕར་བ་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་རིམས་འགོག་ཐད་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཧྥི་ལི་ཕིན་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཧྥི་ལི་ཕིན་གྱི“འཛུགས་སྐྲུན་ཆེན་པོ་དང་དམིགས་བསལ་འཛུགས་སྐྲུན”གྱི་འཆར་འགོད་སྦྲེལ་མཐུད་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཉམ་ལས་རྣམ་གྲངས་དེ་བས་མང་བ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་མཉམ་ལས་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་ཞི་བདེ་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་འདོད་ཡོད།
    ཏུའུ་ཐེར་ཐེས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་ནི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་མི་འབོར་དུང་ཕྱུར་8ལྷག་ཙམ་དབུལ་སྒྲོལ་བྱུང་བ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་ཐོབ་པའི་ཕུལ་བྱུང་གི་ལོ་རྒྱུས་ཀྱི་གྲུབ་འབྲས་ཤིག་ཡིན་པས། ངས་སླར་ཡང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། འདས་ཟིན་པའི་ལོ་5ཡི་ནང་ཧྥི་ལི་ཕིན་དང་ཀྲུང་གོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བའི་དུས་རབས་གསར་པ་བཏོད་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཧྥི་ལི་ཕིན་དང་ཀྲུང་གོའི་མཛའ་གྲོགས་ཀྱིས་ཚོད་བགམ་ཐེག་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་མཉམ་ལས་དཀའ་ཚེགས་ཁྲོད་འཕེལ་རྒྱས་ཆེན་པོ་བྱུང་ནས“དཀའ་ཉེན་གྱི་དུས་སུ་བརྩེ་སེམས་ཟབ་མོ་མངོན”པ་གང་ལེགས་མཚོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་འགོག་ཐད་ལེགས་སྐྱེས་ཕུལ་བར་ཧྥི་ལི་ཕིན་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ལ་རིམས་འགོག་སྨན་ཁབ་སོགས་ཀྱི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་ལ་དེ་བས་མང་བའི་མ་དངུལ་གཏོང་བར་ཧྥི་ལི་ཕིན་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་རེ་བའང་ཡོད་ཅེས་གསུངས་པ་རེད།

  
style="display:none;"