མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་བསྐྱར་དར་རླབས་པོ་ཆེའི་
ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་དགོས།

                                                   

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་31ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་རིགས་ཁག་གི་བུ་ཕྲུག་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས་པའི་སྐུལ་ལྕག་བཏང་བ། 
     མི་དམངས་དྲ་བའི་འཕྲིན། “དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩི་དགོས”
     ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།
     ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་མི་སེམས་སུ་ཟུག་པར་བྱེད་དགོས།
     “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་འཛིན་ཡིན་པས་ལས་དོན་ཚང་མ་དེར་དམིགས་དགོས”
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་བསམ་བློའི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན་འདུག དེ་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཤིག་རེད” ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་གཏོང་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་མཱ་གོ་ཆིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ཞེས་པའི་ཆོད་གཏམ་གལ་ཆེན་དེའི་ནང་དོན་ཟབ་མོར་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཞིབ་འཇུག་འཆད་འགྲེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་སུ་སྔར་བས་ཟུག་ཐུབ་པ་བྱེད་དགོས་ཞེས་བརྗོད།
     ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས་ཞེས་པ་ནི་མི་རིགས་ཁག་གི་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་སྦྲེལ་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དེ་རེད།
     ཉེ་བའི་ལོ་ཤས་རིང་། ནང་སོག་ཁྲེ་ཕུང་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་སྐོར་གྱི་གསོ་སྦྱོང་དང་། སློབ་གསོ། སྒྲོག་འགྲེལ་བཅས་ཁྱོན་ཡོངས་ལ་ཁྱབ་པའི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འབྲོག་ཁུལ་དང་། སྡེ་ཁུལ། སློབ་གྲྭ ཁེ་ལས་བཅས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།
     ཁྲེ་ཕུང་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་སི་ཆིན་གྱིས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་སོགས་དམ་འཛིན་བྱ་གཞི་རབ་དང་རིམ་པ་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་འཆང་བའི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་མོས་སེམས་མུ་མཐུད་ཆེ་རུ་གཏོང་དགོས་ཞེས་བཤད།
     “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ཆ་དེ་ང་ཚོའི་བོད་སྐྱོར་ལས་དོན་ཁྲོད་ཡོད་པ་སྟེ། འབད་བརྩོན་ཆེན་པོས་དམངས་འཚོ་མུ་མཐུད་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་རེད” ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པའི་ཙུའུ་ཀྲང་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧྲི་ཡུང་ཅུན་གྱིས“ང་ཚོས་བོད་དེ་རང་ཉིད་ཀྱི་ཕ་ཡུལ་དང་བོད་ཀྱི་མི་དམངས་རང་ཉིད་ཀྱི་གཉེན་ཉེར་བརྩིས་ཏེ། མི་སེར་གྱི་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས”ཞེས་བརྗོད།
     ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
     “ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་སྡེ་ཁུལ་གྱི་ལས་དོན་མཐའ་དག་གི་གཙོ་རྐང་དུ་འཛིན་དགོས། དེ་ནི་ང་ཚོས་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་བྱེད་པའི‘མཆོག་ནོར’འབའ་ཞིག་དེ་ཡིན” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འཕྲལ་མར་སློབ་སྦྱོང་བྱས་པ་ཡིན་ཞེས་ཀོང་ཤིས་ནན་ཉིང་ཀྲུང་ཧྭ་དཀྱིལ་ལམ་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཤེ་ཧྭ་ཅོན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
     ཀྲུང་ཧྭ་དཀྱིལ་ལམ་སྡེ་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྡེ་ཁུལ་གྱི་མི་འབོར་བསྡོམས་འབོར་གྱི་གསུམ་ཆ་གཅིག་བཟུང་བ་དང་། དེ་གར་མི་རིགས་མང་པོ་མཉམ་སྡོད་མཉམ་སྐྱིད་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད། “གྲངས་ཉུང་མི་རིགས་མང་ཚོགས་ལ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་ནི་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་རྩ་བ་རེད” ཤེ་ཧྭ་ཅོན་གྱིས། གོམ་སྟབས་རྗེས་མར་ང་ཚོས་མི་རིགས་ཁག་གི་མང་ཚོགས་ཀྱིས་བསམ་བློ་གཏོང་སར་མུ་མཐུད་ཤེས་རྟོགས་གཏིང་ཟབ་ཀྱིས་སྡེ་ཁུལ་གྱི་བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱས་ཏེ། མི་རིགས་ཁག་གི་གྲོང་མིའི་དབར་གྱི་བར་ཐག་རྒྱུན་ཆད་མེད་པར་ཐུང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
     ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་ལས་ཧྲུའེ་རིགས་ཀྱི་གྲོང་མི་ཝུའེ་ཤིའུ་ཆའོ་ཀུའེ་ཀྲོའུ་ཞིང་ཆེན་རུང་ཅང་རྫོང་ཀུའུ་ཀྲོའུ་གྲོང་རྡལ་ཀའོ་ཤིང་གྲོང་ཚོ་ནས་རུང་ཅང་རྫོང་ཝོ་ལུང་སྡེ་ཁུལ་གྱི་ཁང་པ་གསར་པར་སྤོས་ཡོད། ཁོང་གིས“འདི་གར་སྤོས་རྗེས་ཀྱི་ལོ་འགའ་ཤས་ནང་སྡེ་ཁུལ་དུ་ཀུན་སྤྱོད་སློབ་ཁང་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སོགས་བཙུགས་ནས་གྲོང་མིར་དུས་ཐོག་ཏུ་འབྲེལ་ཡོད་ཤེས་བྱ་བསླབས་པས་ང་ཚོའི་བསམ་པའི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་སོང”ཞེས་བརྗོད།
     “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བསམ་བློའི་འདུ་ཤེས་དང་། བསམ་པའི་དགའ་ཕྱོགས། འཚོ་བ་སྐྱེལ་སྟངས་བཅས་དེང་རབས་ཅན་ལ་ཕྱོགས་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་བློ་ལ་བརྟན་པོར་ངེས་ནས་ང་ཚོ་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན”ཞེས་ཝེ་ཤིའུ་ཆའོ་ཡིས་བརྗོད།
     2010ལོའི་ཟླ་8པ་ནས་ད་བར། ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་གྱི་ན་གཞོན་དགེ་རྒན་ཝང་གཡུང་ཅུན་གྱིས་ཡུན་ནན་ཞིང་ཆེན་ཉིང་ལང་དབྱི་རིགས་རང་སྐྱོང་རྫོང་ཉིང་ཧའེ་མི་རིགས་སློབ་འབྲིང་དུ་སློབ་སྐྱོར་ལོ་11བྱས་ནས་ཕུལ་བྱུང་སློབ་མ་འབོར་ཆེན་གསོ་སྐྱོང་བྱས་པ་མ་ཟད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དབར་བརྩེ་དུང་ཡང་ཟབ་མོ་ཆགས་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་རྗེས། ཝང་གཡུང་ཅུན་གྱིས་རང་ཉིད་ཀྱི་ལས་ཀར་ངོས་འཛིན་སྔར་བས་ཟབ་མོ་བྱུང་ཡོད། “སློབ་སྐྱོར་དགེ་རྒན་ཞིག་གི་ངོས་ནས། ངས་ཕྲུ་གུ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་མཐོ་རུ་གཏོང་རོགས་བྱ་རྒྱུ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་མཁན་ཕོ་ཉ་ཞིག་ཀྱང་བྱས་ནས་ཁོང་ཚོར་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རོགས་བྱས་ཏེ། ང་ཡི་ཀྲུང་ཧྭ་ལ་གཅེས་པའི་ས་བོན་དེ་ཕྲུ་གུ་ཚོའི་སེམས་གཏིང་དུ་འདེབས་རྒྱུ་ཡིན”ཞེས་ཝང་གཡུང་ཅུན་གྱིས་བརྗོད།
     མི་རིགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།
     ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད།
     ཟླ་8ཚེས་28ཉིན། ཉིང་ཞ་ལྗོངས་ཨུད་ཀྱི་ཏང་གི་སློབ་གྲྭར་གསོ་སྦྱོང་ནང་ཞུགས་བཞིན་པའི་ཉིང་ཞ་ཤིས་ཅི་རྫོང་མཱ་ཅན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཨའེ་ཕིང་གིས་ཉིན་གཅིག་གི་སློབ་ཚན་མཇུག་འགྲིལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་འཕྲལ་མར་སློབ་སྦྱོང་ནན་ཏན་བྱས་པ་རེད།
     “ན་ནིང་དབུལ་སྒྲོལ་བྱུང་རྗེས་མཱ་ཅན་ཤང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཐད་མུ་མཐུད་ཤུགས་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་གྱི་དངོས་པོའི་རྨང་གཞི་བརྟན་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བཞིན་ཡོད” མཱ་ཨའེ་ཕིང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། (པར་ངོས་གསུམ་པར་གཟིགས)
      དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཉེ་འགྲམ་གྱི་བྱ་བ་སྔོག་འདོན་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་སུ་ཟུག་པ་དང་སྤྱོད་ཚུལ་དང་གོམས་སྲོལ་དུ་འགྱུར་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།
     རིག་གནས་ཀྱི་མོས་སེམས་ནི་མོས་སེམས་ཟབ་ཤོས་རེད་ལ། མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་ཀྱང་རེད།
     “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པའི་མྱོང་ཚོར་ཟབ་ཤོས་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བར་བློ་སེམས་གཅིག་མཐུན་བྱེད་དགོས་ལ་རིག་གནས་ཀྱི་མོས་སེམས་དེ་བས་ཀྱང་དགོས” མཚོ་སྔོན་ཞིང་ཆེན་མོན་ཡོན་ཧུད་རིགས་རང་སྐྱོང་རྫོང་སློབ་གསོ་ཅུས་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་ཁུང་ཆིང་ཅུས་ཀྱིས། སློབ་མས་ཀྲུང་ཧྭའི་རིག་གནས་ལ་མོས་སེམས་འཆང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གཞོན་ནུ་མི་རབས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཆང་བའི་མོས་སེམས་སྔར་བས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་མཐའ་འཁྱོངས་བྱེད་པ་བཅས་ནས་ཀྲུང་ཧྭ་མི་རིགས་ལ་འཆང་བའི་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་གི་ཡིན་ཞེས་བཤད།
     “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཐད་མུ་མཐུད་སྙིང་རུས་གཏན་འཁྱོངས་དང་ཤུགས་རྒྱུན་མི་ཆད་པར་རྒྱག་དགོས” ཤིན་ཅང་ཧ་སྨི་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིའུ་ཤིན་ཅན་གྱིས། གོམ་སྟབས་རྗེས་མར་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཁག་གིས་ཀྲུང་ཧྭ་རིག་གནས་ལ་འཆང་བའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་གྱི་ཡིན་ཞེས་བཤད།    

  
style="display:none;"