མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐུལ་འདེད་གཏོང་བའི་ཐད་ཀྱི་གསུངས་དོན། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་01ཉིན། 16:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་མི་རིགས་ས་ཁུལ་ལ་དམིགས་བསལ་ཐུགས་ཁུར་དང་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་རེད། ཁོང་གིས་ང་ཚོའི་མི་རིགས་56ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་ཡིན་པས། ཕྱར་བ་གྲུ་འདེགས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད། ང་ཚོ་ཀྲུང་གོའི་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བློ་རྩ་བརྟན་པོས་བསྐྱོད་པ། སེམས་ཤུགས་གཅིག་སྒྲིལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་བཅས་བྱས་ན། དུས་བཀག་ལྟར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་རེད། 
     དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་ཁེལ་བྱེད་པ། 
     “ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས།”
     2021ལོའི་ཟླ་7ཚེས་21ཉིན་ནས་ཚེས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། འདི་ནི་ཚེས་22ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ལྷ་ས་གྲོང་ཁྱེར་གྲོང་ཁུལ་རྙིང་པའི་བར་སྐོར་དུ་རྟོག་ཞིབ་གནང་སྐབས་མི་རིགས་ཁག་གི་མང་ཚོགས་ལ་ཕྱག་གཡུག་གནང་ནས་གུས་ལན་གནང་བའི་རྣམ་པ་རེད།
     ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བསྟུད་མར་འབད་འཐབ་བྱས་པར་བརྟེན། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་ཀྱི་དམིགས་འབེན་མངོན་འགྱུར་བྱུང་ཞིང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ཚུད་པའི་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་ཁོ་ནས་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མི་རིགས་ཁག་གོང་བུར་འགྲིལ་ཐུབ་པ་དང་། མི་རིགས་ཁག་འཕེལ་རྒྱས་གཏོང་ཐུབ་པ། མི་རིགས་ཁག་དར་རྒྱས་གཏོང་ཐུབ་པ་བཅས་ལག་ལེན་གྱི་ཐོག་ནས་ར་སྤྲོད་གསལ་པོ་བྱུང་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། ཏང་གི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྐོར་གྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བཅས་བྱས་ཏེ་འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས། 2021ལོའི་ཟླ་8ཚེས་24ཉིན་ཧོ་པེ་ཁྲེང་ཏེ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།
     མིག་སྔར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད། བོད་ལྗོངས་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་པས་ཀྲུང་གོའི་གུང་ཁྲན་ཏང་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་བརྒྱབ་ཚེ། ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད། 2021ལོའི་ཟླ་7ཚེས་22ཉིན་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད། 
     མཚོ་སྔོན་ནི་ཞིན་ཅང་དང་བོད་བརྟན་བརླིང་ཡོང་བའི་འཐབ་ཇུས་གནད་ས་ཞིག་ཡིན་པས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བྱེད་པོའི་འགན་འཁྲི་འཁུར་དགོས། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་བྱེད་དགོས། 2021ལོའི་ཟླ་6ཚེས་9ཉིན་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད། 
     སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། 2020ལོའི་ཟླ་8ཚེས་28ཉིན་ནས་ཚེས་29ཉིན་བར། ཀྲུང་དབང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གི་གསུང་བཤད།
     ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དེ་གཞུང་ཕྱོགས་ནས་མཐིལ་དུ་སླེབས་པ་དང་། འཕྲེད་ཕྱོགས་ནས་མཐའ་ལ་སླེབས་པར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་སྤེལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། 2020ལོའི་ཟླ་1ཚེས་21ཉིན་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད། 
     ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས། ཀྲུང་གོའི་གུང་ཁྲན་ཏང་ཁོ་ནས་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་མི་རིགས་ཁག་གོང་བུར་འགྲིལ་མི་ཐུབ་པ་དང་མི་རིགས་ཁག་དར་རྒྱས་གོང་འཕེལ་གཏོང་མི་ཐུབ་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད། 2019ལོའི་ཟླ་9ཚེས་27ཉིན་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད། 
     ཐུགས་ཁུར་ཟབ་མོ།
     “ང་ཚོས་སྤྱི་ཚོགས་རིང་ལུགས་སྤེལ་དོན་ནི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་ཡིན།”
     2021ལོའི་ཟླ་2ཚེས་3ཉིན་ནས་ཚེས་5ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་རྟོག་ཞིབ་དང་བརྟག་དཔྱད་གནང་བར་ཕེབས་ནས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། འདི་ནི་ཚེས་3ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་པི་ཅེ་གྲོང་ཁྱེར་ཆན་ཞི་རྫོང་ཞིན་རེན་མིའོ་རིགས་ཞང་ཧྭ་ཝུའུ་གྲོང་ཚོའི་རིག་གནས་ཐང་ཆེན་ཐོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་རེད། 
     ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞིང་། མི་རིགས་56ནི་མེ་ཏོག་56ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། 2021ལོའི་ཟླ་2ཚེས་3ཉིན་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད། 
     མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བརྩིས་ནས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དག་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ལ་ཁྱིམ་མི་ཚང་མས་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་དགོས། མི་རིགས་ས་ཁུལ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་མ་བྱུང་ཚེ། རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་བྱུང་མི་སྲིད། 2019ལོའི་ཟླ་9ཚེས་27ཉིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད།
     རྨ་ཆུ་བཅོས་སྐྱོང་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འབབ་རྒྱུད་ཞིང་ཆེན་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ན། འབབ་རྒྱུད་ཀྱི་མི་དམངས་མང་ཚོགས་དང་ལྷག་པར་དུ་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འབྲུབ་འགོག་བདེ་འཇགས་དང་། འཐུང་ཆུའི་བདེ་འཇགས། སྣོད་བཅུད་བདེ་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། 2019ལོའི་ཟླ་9ཚེས་18ཉིན། ཧོ་ནན་དུ་རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད། 
     བློ་རྩ་བརྟན་པོས་གསར་གཏོད་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་བྱེད་པ། ཕན་ཚུན་རོགས་རེས་བྱེད་པ། མཐུན་སྒྲིལ་འབད་འཐབ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། དབུལ་བྲལ་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་བརླིང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་མཛེས་ལྗོངས་དེ་བས་མཛེས་སྡུག་ལྡན་པ་ཞིག་གཏོད་དགོས། 2018ལོའི་ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད། 
     ང་ཚོས་སྤྱི་ཚོགས་རིང་ལུགས་སྤེལ་དོན་ནི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་ནི་དབུལ་ཕོངས་ས་ཁུལ་ཡིན་པ་དང་། ལྷག་པར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན། རུས་མཁྲེགས་འདི་ཇི་འདྲའི་མཁྲེགས་པོ་ཡིན་ཡང་ངེས་པར་དུ་འཐོག་དགོས།  འགག་སྒྲོལ་གྱི་དམག་འཐབ་འདི་དཀའ་ངལ་ཇི་ཙམ་ཡོད་ཀྱང་ངེས་པར་དུ་རྒྱལ་ཁ་ལེན་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བའི་ལམ་བུའི་ཐོག་མི་རིགས་རེ་རེ་དང་ཁྱིམ་ཚང་རེ་རེ་ཚང་མ་བརྗེད་མི་རུང་། 
     2018ལོའི་ཟླ་2ཚེས་11ཉིན་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད། 
     དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད། 
     “མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ངེས་པར་དུ་མངོན་འགྱུར་ཡོང་དགོས་པའི་རྩ་བའི་འགན་སྲུང་ཞིག་ཡིན།”
     2021ལོའི་ཟླ་4ཚེས་25ཉིན་ནས་ཚེས་27ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་27ཉིན་གྱི་སྔ་དྲོར་། ཞི་ཅིན་ཕིང་གིས་ནན་ཉིང་གྲོང་ཁྱེར་ཀོང་ཞི་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་ཕྱི་རོལ་དུ་ཟླ་3ཚེས་3ཉིན་གྱི“གླུ་གར་དུས་ཆེན་”གྱི་མི་རིགས་རིག་གནས་བྱེད་སྒོར་ཞུགས་མཁན་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། 
     མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ངོས་འཛིན་གཅིག་མཐུན་ཇེ་ཟབ་ཏུ་བཏང་ནས། མི་རིགས་ཁག་སེ་འབྲུའི་འབྲུ་རྡོག་བཞིན་གོང་བུ་གཅིག་ཏུ་དམ་པོར་འགྲིལ་བར་སྐུལ་འདེད་གཏོང་དགོས། 
     2021ལོའི་ཟླ་4ཚེས་27ཉིན་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད། 
     ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་དམིགས་ཏེ། རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་བྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་བྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་ཁ་བྲལ་ཐབས་མེད་པ་ཡིད་ལ་བརྟན་པོར་བཅངས་ནས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་ལས་དོན་ཞིབ་ཕྲ་དང་ཏན་ཏིག་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ངོས་འཛིན་གཅིག་མཐུན་ཇེ་ཟབ་ཏུ་གཏོང་དགོས། 2021ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད། 
     མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ངེས་པར་དུ་མངོན་འགྱུར་ཡོང་དགོས་པའི་རྩ་བའི་འགན་སྲུང་ཞིག་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས། 2019ལོའི་ཟླ་9ཚེས་27ཉིན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད། 
     ཀྲུང་གོའི་མི་དམངས་ནི་མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་པོ་ཆེ་ལྡན་པའི་མི་དམངས་ཡིན། ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་། ཀྲུང་གོ་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བཙུགས་ཤིང་། མི་རིགས་56གི་སྣ་མང་གཞི་གཅིག་དང་ཕན་ཚུན་སྣོལ་ཞིང་འདྲེས་པའི་མི་རིགས་འབྲེལ་བ་འགྲིག་མཐུན་ཅན་གྲུབ་སྟེ། ཕན་ཚུན་རོགས་རེས་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཆགས་པ་རེད། 2018ལོའི་ཟླ་3ཚེས་20ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གི་གསུང་བཤད། 
     མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་། ཞིན་ཅང་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་རྨང་རྡོ་ཡིན་ལ། ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་གི་ཐུན་མོང་གི་བསམ་འདུན་ཡང་ཡིན། 2017ལོའི་ཟླ་3ཚེས་10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཞིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད། 

  
style="display:none;"