མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་ཁ་སི་ཏི་ལུའེ་ཡིས་ཀྲུང་ཕེ་དབར་ཕྱི་འབྲེལ་བཙུགས་ནས་
ལོ་ངོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་04ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་སི་ཏི་ལུའེ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་ཕེ་རྒྱལ་ཁབ་གཉིས་དབར་རྒྱང་ཐག་རིང་ཡང་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཀྲུང་ཕེའི་འབྲེལ་བའི་རྨང་གཞི་བརྟན་པོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཉིན་བཞིན་ཆེ་རུ་ཕྱིན་པ། མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་པ་བཅས་བྱུང་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་མིག་དཔེར་གྱུར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་ཕེ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རོགས་རེས་ཀྱིས་རིམས་ནད་འགོག་བཅོས་དང་རིམས་འགོག་སྨན་ཁབ་ཐད་མཉམ་ལས་ཧུར་ཐག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་གསལ་འགྲེལ་བྱས་ཡོད། ངས་ཀྲུང་ཕེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ངེས་ཡིན་ལ། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལེགས་སུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གིས་ཐུན་མོང་ཐོག་ཀྲུང་ཕེའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་ལ་ཁྲིད་སྟོན་བཅས་བྱས་ནས་ཀྲུང་ཕེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"