མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་དང་ཞལ་པར་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་07ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏེ་ཨེན་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས། ཀྲུང་ནེའུ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཆབ་སྲིད་དང་། ལོ་རྒྱུས། རིག་གནས་བཅས་ཀྱི་ཁྱད་པར་ལས་བསྒྲལ་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད“ཨང་དང་པོ”མང་པོ་བཏོད་ཡོད། དུས་སང་ནི་ཀྲུང་གོ་དང་ནེའུ་ཙི་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས“ཆུ་འཛིན་སྟུག་པོས་འདྲེན་བྱེད་སྒྲིབ་པར་མི་སྐྲག་པ”དང་། སྒོ་དབྱེ་བསྟུན་མཁས་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་མཐའ་འཁྱོངས། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བཅས་བྱས་ནས་ཀྲུང་ནེའུ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་དགོས། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་དང་ལག་ལེན་བསྟར་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
   ཨ་ཏེ་ཨེན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་འདུའི་མགྲོན་བདག་གི་འགན་ཁུར་བའི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གཟའ་འཁོར་རྗེས་མར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་ནས་མཉམ་ལས་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་ཁུལ་གྱི་དཔལ་འབྱོར་སྒོ་དབྱེ་བསྟུན་མཁས་ངང་འཕར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཡང་དག་གནད་འཕིགས་ཀྱི་དགོངས་ཚུལ་འདོན་པར་རེ་སྒུག་བྱེད་ཀྱི་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དུས་སང་ནེའུ་ཙི་ལན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་འདོད་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

  
style="display:none;"