མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བརྟན་
ལྷིང་སྐོར་གྱི་རྒྱལ་སྤྱིའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་21ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བརྟན་ལྷིང་སྐོར་གྱི་རྒྱལ་སྤྱིའི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
    ཞི་ཅིན་ཕིང་གིས། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་འགན་ལེན་གལ་ཆེན་ཞིག་རེད། དེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་སྤྱི་པའི་ཐོན་རྫས་ཀྱི་ཁྱད་ཆོས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། རང་རྒྱལ་ཁབ་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན། བྱ་སྤྱོད་ངོ་མའི་ཐོག་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཟབ་གཏོང་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་ཡག་པོ་ཐོབ་པ་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།
   ཞི་ཅིན་ཕིང་གིས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་གོ་སྐབས་གསར་པ་དམ་པོར་བཟུང་སྟེ། བདེ་འཇགས་བརྟན་ལྷིང་དང་། ཤར་བགྲོད་ནུས་ཆེ། སྒོ་དབྱེ་ཁོང་ཡངས། གཉིས་ཁེ་གཉིས་ཕན་བཅས་ཀྱི་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མ་ལག་ཐུན་མོང་ཐོག་བསྐྲུན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཁོར་རྒྱུག་ལ་སྐུལ་འདེད་དང་། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད། རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཤུགས་ཆེ་རུ་བཅས་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བརྟན་ལྷིང་སྐོར་གྱི་རྒྱལ་སྤྱིའི་གླེང་སྟེགས་ཚེས་19ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་བྱས་ཏེ། མཉེན་ཤུགས་ལྡན་པའི་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གཏོད་རྒྱུར་དངོས་སྒྲུབ་རྣམ་པའི་ཐོག་ནས་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ཞིང་། བཟོ་འཕྲིན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད། 

  
style="display:none;"