མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལེ་ཡིས་ཀྲུང་གོ་དང་ཐོ་ཀོ་དབར་ཕྱི་འབྲེལ་བཙུགས་
ནས་ལོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་21ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལེ་དབར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཐོ་ཀོ་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ཡོད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་སོང་རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་བསྐྱངས་པ་དང་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དང་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་བསྐྲུན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་དུས་ངལ་མཉམ་སེལ་བྱས་ཏེ་ཀྲུང་ཐོའི་མཛའ་མཐུན་གྱི་ལེའུ་གསར་པ་བརྩམས་ཡོད། ངས་ཀྲུང་ཐོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཧྥུའུ་ལེ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་གོ་སྐབས་སུ་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། ཀྲུང་ཐོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།
   ཧྥུའུ་ལེ་ཡིས། ཐོ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་རྒྱལ་ཁབ་གཉིས་པོའི་རོགས་ཟླའི་འབྲེལ་བ་འགྱུར་མེད་བརྟན་པོར་སོང་བ་དང་ཕན་འབྲས་ཆེན་པོ་ཐོན་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ཐུགས་ཁུར་དང་སྐུལ་འདེད་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཏེ་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ལའང་ཕན་པ་ཐོབ་ཡོད། ཀྲུང་གོ་ནི་ཐོ་ཀོ་ཡིས་ཕྱོགས་ཡོངས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་ལམ་བུའི་ཐོག་གི་གནད་འགག་ཆེ་བའི་འཐབ་ཇུས་རོགས་ཟླ་ཞིག་རེད། ཀྲུང་གོས་སྔར་རྒྱུན་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་ཐུན་མོང་ཐོག་དར་རྒྱས་ཡོང་ཐབས་བྱས་པར་ང་ཚོས་བསྔགས་བརྗོད་བྱེད་རྒྱུ་ཡིན། ཐོ་ཀོ་ཡིས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད་ལ་ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་འབད་བརྩོན་བྱས་ནས་ཐོ་ཀྲུང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"