ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དངོས་མང་སྟོན་ཚོགས་སྐབས་བདུན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཀྱིས་ཁེངས་ཡོད་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་གཙོ་གནད་ས་ཁོངས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཤིན་ཅང་གིས་གནས་ཡུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དང་ཡོ་རོབ་ས་ཁུལ་གྱི་རྒྱལ་ཁབ་མཉམ་སྦྲེལ་མཉམ་མཐུད་དང་། གཉིས་ཁེ་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་བས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དངོས་མང་སྟོན་ཚོགས་ལས་སྟེགས་སུ་བྱས་ནས་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཚད་གཞི་མཐོ་བ་དང་། རྒྱུན་མཐུད་ཆོག་པ། དམངས་འཚོར་ཕན་པ་བཅས་མཐའ་འཁྱོངས་བྱས་ཏེ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། ཐུན་མོང་ཐོག་གོང་འཕེལ་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དངོས་མང་སྟོན་ཚོགས་སྐབས་བདུན་པ་དེ་ཚེས་19ཉིན་ཤིན་ཅང་ཝུའུ་ལུའུ་མུའུ་ཆིར་འགོ་ཚུགས་པ་དང་བརྗོད་དོན་གཙོ་བོ་ནི“མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད། མཉམ་ལས་བཅས་ཀྱི་ཐོག་ནས་མ་འོངས་ཕྱོགས་སུ་བསྐྱོད”ཅེས་པ་དེ་ཡིན་ཞིང་། ཚོང་དོན་པུའུ་དང་། ཕྱི་འབྲེལ་པུའུ། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཚོགས་པ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
|