མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ལི་སའེ་ལ་ལེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་02ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ལི་སའེ་ལ་ལེ་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ལི་སའེ་ལ་ལེ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨར་ཅི་རི་ཡ་ནི་གཅེན་གཅུང་དང་གྲོགས་པོ་ཡིན། མི་རིགས་ཀྱི་རང་བཙན་བརྩོན་ལེན་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་གི་འཐབ་རྩོད་ཁྲོད་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་མ་གཏོང་བའི་ཁྲོད་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཛའ་མཐུན་ཟབ་མོ་ཆགས་ཏེ་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ན་ནིང་ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། ཕྱོགས་གཉིས་པོས་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་གོང་འཕེལ་ཆེན་པོ་ཡོང་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཕན་ཚུན་ཐད་ཡིད་ཆེས་བྱེད་ཚད་རྒྱུན་མི་ཆད་པར་ཟབ་ཏུ་གཏོང་བ་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་པའི་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་མ་ལག་དང་སྒྲིག་ལམ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སོགས་དང་འབྲེལ་བ་ཡོད་པའི་གྲོས་འགོ་གལ་ཆེན་ཐད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་དགོས། ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་ལ་གསབ་རེས་རང་བཞིན་དང་སྦྲེལ་མཐུད་བྱེད་ཤུགས་ཤིན་ཏུ་ཆེན་པོ་ལྡན་པས་ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡའི་འཕེལ་རྒྱས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གསར་པ་དང་ཚད་བརྒལ་གསར་པ་རྒྱུན་མི་ཆད་པར་ཡོང་རྒྱུར་སྐུལ་མ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་པོས་ད་དུང་རིག་གནས་དང་། སློབ་གསོ། འཕྲོད་བསྟེན། གསར་འགྱུར་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་15འཁོར་བའི་དུས་རེད། ན་ནིང་ཀྲུང་གོ་དང་ཨར་ཅི་རི་ཡའི་མཉམ་ལས་གླེང་སྟེགས་སྐབས་དྲུག་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་འཚོགས་རིང་ཕྲན་གྱིས་ཀྲུང་གོ་དང་ཨར་ཅི་རི་ཡས“རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུའི་བསམ་ཚུལ་བཏོན་པས་ཨ་རབ་ཀྱི་གྲོགས་པོ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་སོང་། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁ་དང་ཨ་རབ་རྒྱལ་ཁབ་དབར་གྱི་མཉམ་ལས་ནང་མུ་མཐུད་ཧུར་ཐག་ཞུགས་པ་དང་། ཨེ་ཤེ་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུར་དགའ་་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
        སའེ་ལ་ལེས་ཨར་ཅི་རི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དེ་ཨར་ཅི་རི་ཡའི་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཨར་ཅི་རི་ཡའི་མི་དམངས་ཀྱིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་ཨར་ཅི་རི་ཡར་རྒྱབ་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཨར་ཅི་རི་ཡའང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་ཡིན། ང་ད་རེས་ཀྲུང་གོར་འཚམས་འདྲིར་ཡོང་དོན་ནི་ཨར་ཅི་རི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དོན་འཁྱོལ་དང་། ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་མ་ཤུགས་ཆེན་གཏོང་རྒྱུ་དེ་ཡིན། ཨར་ཅི་རི་ཡ་དང་ཀྲུང་གོའི་མཉམ་ལས་དེ་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་བསམ་ཕྱོགས་དང་ཧ་ཅང་མཐུན་ཡོད་ལ་མདུན་ལམ་ཡང་རྒྱ་ཆེན་པོ་ལྡན། ཨར་ཅི་རི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་པས་ཀྲུང་གོ་འདི་ཉིད་ཨར་ཅི་རི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྟོབས་ལྡན་རོགས་ཟླ་ཞིག་ཏུ་འགྱུར་རྒྱུར་ཡིད་ཆེས་ཡོད། ཨར་ཅི་རི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་ཨར་ཅི་རི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་ཟབ་ཏུ་གཏོང་རྒྱུར་མོས་མཐུན་ཡོད་ཅེས་གསུངས་པ་རེད།