མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་
དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་
ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་30ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་
དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་
ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

མི་དམངས་དྲ་བའི་འཕྲིན།  “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་2015ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཚེས་28ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན། རིམ་གྲས་ཁག་གཞན་དག་གི་ངལ་རྩོལ་མང་ཚོགས་བཅས་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ་བཅས་དང་། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ། ཕྱི་ཁོངས་ཀྲུང་གོ་བ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ད་དུང་ཞིས་ཅིན་ཕིང་གིས་ཀྲུང་གོའི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཚབ་ཞུས་ཏེ་འཛམ་གླིང་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ང་ཚོ་གནས་སའི་དུས་རབས་ནི་མི་རྣམས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་བའི་རླབས་ཆེན་གྱི་དུས་རབས་ཤིག་ཡིན་པ་དང་། ང་ཚོས་སྒྲུབ་པའི་བྱ་གཞག་ནི་སྔར་བྱུང་མ་མྱོང་བའི་རླབས་ཆེན་གྱི་བྱ་གཞག་ཅིག་རེད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་འབྱོར་ཕྱུག་དམངས་གཙོ་ཤེས་དཔལ་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་བྱེད་པར་རྩ་བ་དེ་ངལ་རྩོལ་ལ་བརྟེན་དགོས་པ་དང་ངལ་རྩོལ་པའི་གསར་གཏོད་ལ་བརྟེན་དགོས། དུས་རབས་ཀྱི་ཆ་རྐྱེན་ཇི་ལྟར་བྱས་ནས་འགྱུར་ལྡོག་བྱུང་ཡང་ང་ཚོས་སྔ་ཕྱི་བར་གསུམ་དུ་ངལ་རྩོལ་ལ་བརྩི་མཐོང་དར་སྤེལ་དང་ངལ་རྩོལ་པར་བརྩི་འཇོག་བྱེད་དགོས་ཤིང་། བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་བྱེད་དགོས། དེ་ནི་དེ་རིང་ང་ཚོས“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་དྲན་གསོ་ཞུ་བའི་དོན་སྙིང་གལ་ཆེན་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་ལ་ཞུགས་པ་དང་ལིའུ་ཡུན་ཧྲན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱང་གནང་བ་རེད།
         རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་འཐུས་མི་སྔ་རྗེས་སུ་ཀྲུའུ་ཞི་སྡིངས་ཆའི་ཐོག་བསྐྱོད་པ་དང་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཁོང་ཚོར་གཟི་བརྗིད་ལག་ཁྱེར་སྤྲད་པ་རེད། ཁྲང་ཁྲུན་ལྕགས་ལམ་འགྲུལ་སྐྱེལ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་ཕྱོགས་སྒྱུར་སྒྲོམ་བཟོ་སྐྲུན་ལྟེ་གནས་ཀྱི་ཚ་ལ་རྒྱག་མཁན་བཟོ་པ་ལི་དབན་ཅུན་གྱིས་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་ཚབ་ཞུས་ནས་གྲོས་འགོའི་ཡི་གེ་སྒྲོག་སྦྱང་བྱས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ངལ་རྩོལ་ལ་བརྟེན་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ནུས་པ་ཕྲན་བུ་འདོན་པ་དང“ཕྱོགས་ཡོངས་བཞིའི”རླབས་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་བའི་ནང་བྱས་རྗེས་བཞག་སྟེ་བློ་གྲོས་ལྡན་པ་དང་། ལག་རྩལ་ཤེས་པ། གསར་གཏོད་བྱེད་ཐུབ་པ། གསར་སྐྲུན་བྱེད་ཤེས་པ་བཅས་ཀྱི་ངལ་རྩོལ་པ་ཞིག་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞིས་ཅིན་ཕིང་གིས་གསུང་བཤད་གནང་བ་རེད། ཁོང་གིས་ང་ཚོས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས་སྔ་ཕྱི་བར་གསུམ་དུ་དར་སྤེལ་བཏང་ནས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་དྲང་ནུས་ཆེན་པོ་བསྡུ་དགོས། ངལ་རྩོལ་ནི་མིའི་རིགས་ཀྱི་གཞི་རྩའི་བྱེད་སྒོ་ཡིན་པ་དང་ངལ་རྩོལ་གཟི་བརྗིད་དང་གསར་སྐྲུན་རླབས་ཆེན་ཡིན་པ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆོས་ཉིད་ལ་གསལ་བཤད་གལ་ཆེན་བྱས་པ་ཞིག་རེད། ངལ་རྩོལ་དང་གསར་སྐྲུན་བྱས་པར་བརྟེན་ང་ཚོར་འོད་སྟོང་འཕྲོ་བའི་ལོ་རྒྱུས་མངའ་ཞིང་། ངལ་རྩོལ་དང་གསར་སྐྲུན་བྱས་པར་བརྟེན་ང་ཚོར་ད་ཆའི་གྲུབ་འབྲས་ཐོབ་ཡོད། ང་ཚོས་ངེས་པར་དུ་སྤྱི་ཚོགས་ཧྲིལ་པོར་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ལ་དཀའ་སྤྱད་ངལ་རྩོལ་དང་། ཟོལ་མེད་ངལ་རྩོལ། གསར་སྐྲུན་རང་བཞིན་གྱི་ངལ་རྩོལ་བཅས་ཀྱི་ལྟ་བ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ། ངལ་རྩོལ་ནི་གཟི་བརྗིད་དང་གསར་སྐྲུན་ནི་རླབས་ཆེན་ཡིན་པ་དེ་སྙན་འཇེབས་ལྡན་པའི་དུས་རབས་ཀྱི་དབྱངས་རྟ་དྲག་པོར་འགྱུར་བ་བྱེད་པ་དང་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་མཛེས་སྡུག་ལྡན་ཤོས་ཡིན་པ་བཅས་དར་སྲོལ་ཞིག་ཏུ་འགྱུར་བ་བྱེད་དགོས། ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནང་ལུས་པོའི་ངལ་རྩོལ་ལམ་ཀླད་པའི་ངལ་རྩོལ་གང་ཞིག་ཡིན་ཡང་། ཚང་མར་བརྩི་འཇོག་དང་སྐུལ་ལྕག་གཏོང་དགོས་ཤིང་། མི་སྒེར་གྱི་གསར་སྐྲུན་ནམ་ཡང་ན་མཉམ་སྡེབ་ཀྱི་གསར་སྐྲུན་གང་ཞིག་ཡིན་རུང་ཚང་མར་བརྩི་འཇོག་དང་སྐུལ་ལྕག་གཏོང་དགོས་ཞེས་བསྟན་པ་རེད།
        ཞིས་ཅིན་ཕིང་གིས་ང་ཚོས་མི་དམངས་ཀྱི་གཙོ་བོའི་གནས་བབ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་ངལ་རྩོལ་བཟོ་པ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས། མི་དམངས་ནི་ལོ་རྒྱུས་གསར་སྐྲུན་བྱེད་མཁན་ཡིན་པ་དང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་སྟོབས་ཤུགས་དང་གཞི་རྩའི་བརྟེན་ས་ཡང་ཡིན། ང་ཚོས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བཟོ་པའི་གྲལ་རིམ་ནི་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲལ་རིམ་ཡིན་པའི་གནས་སྐབས་མཐའ་འཁྱོངས་བྱེད་པ། གཞི་རིམ་གྱི་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལས་བཟོ་མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་། ཞུ་དབང་། མཚོན་དབང་། ལྟ་སྐུལ་དབང་ཆ་བཅས་དེ་བས་ནུས་ལྡན་གྱི་སྒོ་ནས་དོན་འཁྱོལ་བྱེད་དགོས། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ལོ་རྒྱུས་ཀྱི་ཁུར་སེམས་དང་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་དང་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་སྤྱི་ཡོངས་ལ་བསམ་བློ་བཏང་ནས་མི་ཚེའི་ཕུགས་བསམ་དང་ཁྱིམ་ཚང་གི་བདེ་སྐྱིད་དེ་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་བྱ་གཞག་ནང་རང་རྟོགས་ངང་ཁྱབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་ང་ཚོས་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྔ་ཕྱི་བར་གསུམ་དུ་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་མི་དམངས་ལ་ཕན་པ་བསྐྲུན་དགོས། བློ་གཅིག་སེམས་གཅིག་ངང་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཁེ་ཕན་བསྒྲུབ་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རྩ་བའི་བླང་བྱ་ཞིག་དང་ཏང་དང་རྒྱལ་ཁབ་ཀྱི་བླ་ན་མེད་པའི་འགན་འཁྲི་ཞིག་ཡིན་ལ། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་པའི་གལ་ཆེ་ཤོས་དང་ཆེས་རྨང་གཞིའི་ལས་དོན་ཞིག་ཀྱང་རེད། ང་ཚོས་ངེས་པར་དུ་སྒྱུར་བཅོས་སྒོ་དབྱེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དུས་སྐབས་གསར་པ་དང་འཚམ་པ་བྱས་ཏེ་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། བཅའ་ཁྲིམས། སྲིད་འཛིན་སོགས་ཕྱོགས་ཁག་གི་ཐད་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པ་དང་། ལྷག་པར་དུ་རྒྱ་ཆེའི་ངལ་རྩོལ་པ་དཀྱུས་མའི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་དགོས། ངོ་འཕྲད་གདོང་ཐུག་དང་། སེམས་དང་སེམས་སྦྲེལ་བ། དངོས་འབྲེལ་དྲང་འབྲེལ་བཅས་ཀྱི་སྒོ་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་དཀའ་ངལ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། དགོས་གཏུག་ཆེ་ཤོས་བཅས་ཀྱི་དངོས་ཡོད་དཀའ་ངལ་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བསྟན་པ་རེད།
        ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞིགས་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཧྲིལ་པོའི་གསར་གཏོད་གསར་སྐྲུན་གྱི་མངོན་མེད་སྟོབས་ཤུགས་དང་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱེད་དགོས། སྔོན་ཐོན་དཔེ་བཟང་མི་སྣ་དཔེ་སྟོན་དུ་བྱེད་པ་དང་། ངལ་རྩོལ་ལ་བརྩི་འཇོག འགན་འཁུར་ཕོད་པ། ཧུར་བརྩོན་དང་མདུན་ལམ་ཡོད་པ། ང་ཤོར་ཁྱེད་ཤོར་གྱིས་ལེགས་སྐྱེས་འབུལ་བ། ཡང་རྩེར་ལྷུར་ལེན། དམངས་ཚོགས་ཀྱིས་ལས་སྐྲུན་དང་མི་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་བ། དམངས་འཚོ་མུ་མཐུད་ལེགས་སུ་གཏོང་བ། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ཁྲོད་མགྱོགས་མྱུར་འཕར་བ་དང་ཆུ་ཚད་འབྲིང་མཐོའི་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་དང་། འབྱོར་ཕྱུག དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།