མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དབན་ལུང་གྲོས་ཚོགས་འཚོགས་ནས་ལོ་60འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་28ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དབན་ལུང་གྲོས་ཚོགས་འཚོགས་ནས་ལོ་60འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་24ཉིན་ཧིན་རྡུ་ཉི་ཞི་ཡར་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་ཚོགས་འདུར་ཕེབས་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་ཚོས་དབན་ལུང་དུ་ཕེབས་ཏེ་དབན་ལུང་གྲོས་ཚོགས་འཚོགས་ནས་ལོ་60འཁོར་བར་དྲན་གསོ་ཞུས་ཤིང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་དྲན་གསོའི་བྱེད་སྒོར་ཞུགས་པ་རེད།
          ཟླ་བཞི་པར་དབན་ལུང་དུ་མེ་ཏོག་སྣ་ཚོགས་བཞད། དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས། དུས་ཆེན་གྱི་རྣམ་པས་ཁེངས། སྲང་ལམ་གཙོ་བོ་ཁག་ཏུ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པ་ཚོར་དགའ་བསུ་ཞུ་ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་བ་དང་སྤྲོ་བ་རབ་ཏུ་འཕེལ་བའི་ས་གནས་དེ་གའི་མང་ཚོགས་དང་སློབ་མ་ཚོས་སྲང་ལམ་གཡས་གཡོན་གཉིས་ཀྱི་མཐའ་ནས་སྐོར་ཏེ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་རྒྱལ་དར་གཡུག་ནས་སྐུ་མགྲོན་ཚོར་དགའ་བསུ་ཞུས་པ་རེད།
          ཆུ་ཚོད་དགུ་པའི་གཡས་གཡོན་དུ་དྲན་གསོའི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ས་ཁུལ་གཞན་དག་བཅས་ནས་ཕེབས་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་ཚོ་དང་ལྷན་དུ་སཱ་ཨོར་དབྱི་ཧོ་མན་ནོ་གསོལ་མགྲོན་ཁང་ནས་ཨེ་ཨ་ཁྲོམ་གཞུང་བརྒྱུད་དབན་ལུང་གྲོས་ཚོགས་ཚོགས་ཡུལ་རྙིང་པ་སྟེ་རང་བཙན་ཐོག་བརྩེགས་ཁང་ཆེན་ཕྱོགས་སུ་ཕེབས་པ་རེད། ཞིས་ཅིན་ཕིང་སྟངས་དཔྱལ་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་སྟངས་དཔྱལ་སོགས་དཔུང་ཁག་གི་མདུན་གྲལ་དུཕེབས་པ་དང་། ཁོང་རྣམ་པས་མདུན་ཕྱོགས་སུ་ཕེབས་ཀྱིན་གཞུང་ལམ་གཡས་གཡོན་གྱི་མི་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་ཞུས་པ་རེད། ལོ་60ཡི་གོང་དུ་དབན་ལུང་གྲོས་ཚོགས་འཚོགས་པའི་སྐབས་སུ་ཚོགས་འདུར་ཞུགས་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་ཚོས་སཱ་ཨོར་དབྱི་ཧོ་མན་ནོ་གསོལ་མགྲོན་ཁང་ནས་ཞབས་ཐང་མར་རང་བཙན་ཐོག་བརྩེགས་ཁང་ཆེན་དུ་ཚོགས་འདུར་ཞུགས་པར་ཕེབས་པ་རེད།
         རང་བཙན་ཐོག་བརྩེགས་ཁང་ཆེན་དུ་ཕེབས་འབྱོར་བྱུང་རྗེས་ཚོགས་ཞུགས་འགོ་ཁྲིད་པ་ཚོས་མཉམ་དུ་བཞུགས་ནས་སྐུ་པར་བསྒྲོན་པ་དང་། དབན་ལུང་གྲོས་ཚོགས་ཀྱི་རྩ་དོན་བཅུ་བསྐྱར་དུ་དྲན་གསོ་གནང་བ།“ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་གྲོས་ཚོགས་འབྱུང་རིམ་1955ལོ་ནས་2015ལོ་བར”ཞེས་པའི་དྲན་གསོའི་བརྙན་འཕྲིན་ལ་གཟིགས་པ་རེད།
          དྲན་གསོའི་ཚོགས་ཆེན་ཐོག་ཞིས་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་སུའེ་ཙི་ལན་གྱི་སྐུ་ཐོག་གསུམ་པའི་རྒྱལ་པོ་མུའུ་སི་ཝ་ཏི་སོགས་དང་ལྷན་དུ་<<2015ལོའི་དབན་ལུང་སྤྱི་བསྒྲགས་>>ཐོག་མིང་རྟགས་བཀོད་གནང་རྗེས་སྤྱི་བསྒྲགས་ཀྱི་ནུས་པ་དངོས་སུ་ཐོན་ཞིང་། ཚོགས་ཞུགས་རྒྱལ་ཁབ་གཞན་དག་ཁག་གི་འགོ་ཁྲིད་པ་ཚོས་དྲན་གསོའི་ཚོགས་ཆེན་མ་འཚོག་གོང་སྤྱི་བསྒྲགས་ཐོག་མིང་རྟགས་བཀོད་པ་རེད།
         ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་། ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ཅ་པེ། འབར་མའི་ཙུང་ཐུང་ཝུའུ་ཏེང་ཧྲེང་། ཨེ་ཅིབ་ཀྱི་ཙུང་ལི་མ་ཧོ་ལའེ་ཕུའུ། ཝེ་ནེ་ཙུའེ་ལའི་ཙུང་ཐུང་གཞོན་པ་ཨ་ལེ་ཡ་ས་བཅས་སོ་སོས་དྲན་གསོའི་ཚོགས་ཆེན་ཐོག་ཤིས་ཚིག་གསུངས་ཤིང་། ཁོང་རྣམ་པས་དེང་དུས་ཀྱི་སྤྱི་ཚོགས་ནང་དྲང་གཞག་མིན་པ་དང་། ལུགས་དང་མ་མཐུན་པ། དོ་སྙོམས་མིན་པ་སོགས་ཀྱི་སྣང་ཚུལ་སྔར་བཞིན་མངོན་གསལ་དོད་པ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ་དང་རང་ཉིད་འཕེལ་རྒྱས་འགྲོ་བ་བྱེད་པར་འགྲན་སློང་སྔར་བཞིན་ཧ་ཅང་ཆེན་པོ་འཕྲད་ཡོད། དུས་བབ་དེ་འདྲའི་འོག་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པ་ཚོས་དབན་ལུང་དུ་ཞལ་འཛོམས་ཀྱིས་དབན་ལུང་གྲོས་ཚོགས་ཀྱི་དགོངས་དོན་བསྐྱར་དྲན་གནང་བ་དང་མཐུན་སྒྲིལ་དང་། མཛའ་མཐུན། མཉམ་ལས་བཅས་ཀྱི་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་ཕྱིར་གཞོལ་རྒྱུའི་དམ་བཅའ་བཞག་གནང་བར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
         ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་ཚོགས་འདུ་ཟླ་4ཚེས་23ཉིན་གྱི་ཕྱི་དྲོ་ཅ་ཁར་ཐ་རུ་གྲོལ་བ་དང་མཇུག་འགྲིལ་མཛད་སྒོའི་ཐོག་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་ཚོས་<<2015ལོའི་དབན་ལུང་སྤྱི་བསྒྲགས་>>དང་། <<ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བསྐྱར་འཛུགས་སྐོར་གྱི་བསྒྲགས་གཏམ>> <<ཕ་ལེ་སི་ཐན་གྱི་གནད་དོན་སྐོར་གྱི་བསྒྲགས་གཏམ་>>བཅས་གསུམ་ལ་གྲོས་འཆམ་གནང་བ་རེད།
         ཚེས་23ཉིན་གྱི་དགོང་མོ་ཞིས་ཅིན་ཕིང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་ཚོགས་འདུའི་མཇུག་འགྲིལ་མཛད་སྒོར་ཞུགས་རྗེས་ཅ་ཁར་ཐ་ནས་དབན་ལུང་དུ་ཕེབས་པ་རེད།
         ཕེང་ལི་ཡོན་དང་། ཝང་ཧུའུ་ཉིང་། ལི་ཀྲེན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གསལ་བྱེད་སྒོ་སོ་སོར་ཞུགས་པ་རེད།
         1955ལོའི་ཟླ་4ཚེས་18ཉིན་ནས་ཚེས་24ཉིན་བར་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་ཚོགས་འདུ་དབན་ལུང་དུ་འཚོགས་པར་ལོ་རྒྱུས་ཐོག་དབན་ལུང་གྲོས་ཚོགས་ཞེས་བརྗོད་ཀྱི་ཡོད། སྐབས་འདིར་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ས་ཁུལ་29ནས་ཕེབས་པའི་སྐུ་ཚབ་ཚོགས་འདུར་ཞུགས་པ་རེད། དེ་ནི་ལོ་རྒྱུས་ཐོག་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་གྲོས་འགོ་བཏོན་ནས་འཚོགས་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཡིན་པ་དང་། ཚོགས་འདུའི་ཐོག་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་གཅིག་སྡུད་ཐོག་གྲོས་བསྡུར་བྱས་ཡོད། ཚོགས་འདུའི་ཐོག་དར་སྤེལ་བཏང་བའི་མཐུན་སྒྲིལ་དང་། མཛའ་མཐུན། མཉམ་ལས་བཅས་དབན་ལུང་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། ཚོགས་འདུའི་ཐོག་གཏན་འཁེལ་བྱུང་བའི་དབན་ལུང་གྲོས་ཚོགས་ཀྱི་རྩ་དོན་བཅུ་པོ་རྒྱལ་སྤྱིའི་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།