མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་སྤུས་རྟགས་གླེང་སྟེགས་པེ་ཅིང་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་19ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་སྤུས་རྟགས་ཀྱིས་ཀྲུང་གོའི་རིན་ཐང་བརྒྱུད་སྤེལ་བྱེད་པ། ཀྲུང་གོའི་སྤུས་རྟགས་ལས་ཀྲུང་གོའི་སྟོབས་ཤུགས་མངོན་པ། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི“ཀྲུང་གོའི་སྤུས་རྟགས། ཀྲུང་གོའི་སྟོབས་ཤུགས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ཀྲུང་གོའི་སྤུས་རྟགས་གླེང་སྟེགས་དེ་ཚེས་16ཉིན་པེ་ཅིང་དུ་གཉེར་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཀྲང་པའོ་ཝུན་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་དབྱང་ཀྲེན་ཝུའུ་སོགས་འགོ་ཚུགས་མཛད་སྒོར་ཕེབས་ནས་ཤིས་ཚིག་གསུངས་པ་རེད།
         ཀྲང་པའོ་ཝུན་གྱིས་ཤིས་ཚིག་གསུང་སྐབས་ཀྲུང་གོའི་སྤུས་རྟགས་སྟོབས་ཆེར་གཏོང་རྒྱུ་དང་། སྤུས་རྟགས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་ཀྲུང་གོའི་ཁེ་ལས་རྒྱལ་སྤྱིའི་ཐོན་ལས་འབྲེལ་ཐག་གི་མཐོ་སྣེར་སླེབས་པ་དང་། ཐོན་ལས་ཀྱི་སྐད་ཆ་ཤོད་དབང་སྟངས་འཛིན་བྱེད་པ། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་ལ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་དངོས་ཡོད་དགོས་མཁོ་ཡང་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཁེ་ལས་ཀྱིས་སྤུས་རྟགས་འཛུགས་སྐྱོང་ཐད་སྔར་བས་མཐོང་ཆེན་བྱས་ནས“ཕྱིར་སྐྱོད”གོམ་སྟབས་མགྱོགས་སུ་གཏོང་བཞིན་ཡོད་པ་མ་ཟད། ཁེ་ལས་ཁག་ཅིག་གིས་རྒྱལ་སྤྱིའི་ཚན་རྩལ་མདུན་ཕྱོགས་ལ་དམིགས་ནས་ལྟེ་བའི་ལག་རྩལ་འགག་སྒོ་སྒྲོལ་་མགྱོགས་སུ་གཏོང་བ་དང་། གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱེད་པ། ཚད་བརྒལ་ཡོང་བ་བྱེད་པ་བཅས་ཀྱི་ཐོག་ནས་འཛམ་གླིང་གི་གར་སྟེགས་སུ་འཛེགས་ཀྱི་ཡོད་པ་རེད། ཀྲུང་གོའི་དཔལ་འབྱོར་དེ་གྲུབ་ཆ་ལེགས་སྒྲིག་དང་། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཐུན་འཕྲོད་བཅས་ཀྱི་ལེགས་བསྡུས་ཞིབ་གཉེར་རྣམ་པའི་འབབ་འཕར་ལམ་བུར་སྐྱོད་བཞིན་ཡོད་པས་ང་ཚོས་སྤུས་རྟགས་འཐབ་ཇུས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་འཐབ་ཇུས་ཕྱོགས་འགྱུར་ལ་སྐུལ་འདེད་གཏོང་རོགས་བྱས་ནས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་གལ་ཆེན་དང་སྒུལ་ཤུགས་ཡུན་རིང་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
         དབྱང་ཀྲེན་ཝུའུ་ཡིས་ཤིས་ཚིག་གསུང་སྐབས་རྒྱུན་རྣམ་གསར་པའི་འོག་གི་དཔལ་འབྱོར་འཕེལ་རྒྱས་དེ་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་བྱེད་པའི་འཕེལ་རྒྱས་ཡིན་པས་ངེས་པར་དུ་སྤུས་རྟགས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཀྲུང་གོས་བཟོ་སྐྲུན་བྱེད་པ་ནས་ཀྲུང་གོས་གསར་གཏོད་བྱེད་པར་བསྒྱུར་བ་དང་། ཀྲུང་གོའི་མྱུར་ཚད་ནས་ཀྲུང་གོའི་སྤུས་ཚད་དུ་བསྒྱུར་བ། ཀྲུང་གོའི་ཐོན་རྫས་ནས་ཀྲུང་གོའི་སྤུས་རྟགས་སུ་བསྒྱུར་བ་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་གསུང་གནང་བ་དེ་ལས་ང་ཚོར་ཚན་རིག་གི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ཀྲུང་གོའི་སྤུས་རྟགས་སྟོབས་ཆེར་གཏོང་བར་ཤུགས་རྒྱག་གཞི་བཞི་ཡོད་པ་སྟེ། གཅིག་ནས་སྤུས་ཚད་ལ་བརྟེན་ནས་ཀྲུང་གོའི་སྤུས་རྟགས་སྟོབས་ཆེར་གཏོང་བ་དང་། གཉིས་ནས་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་སྤུས་རྟགས་སྟོབས་ཆེར་གཏོང་བ། གསུམ་ནས་སྒོ་དབྱེ་ལ་བརྟེན་ནས་ཀྲུང་གོའི་སྤུས་རྟགས་སྟོབས་ཆེར་གཏོང་བ། བཞི་ནས་རིག་གནས་ལ་བརྟེན་ནས་ཀྲུང་གོའི་སྤུས་རྟགས་སྟོབས་ཆེར་གཏོང་བ་བཅས་རེད། ང་ཚོས་ཀྲུང་གོའི་སྤུས་རྟགས་འཛུགས་སྐྱོང་ཐད་སྟོབས་ཤུགས་གསར་པ་བསྣན་ནས་རྣམ་པ་གསར་པ་འགྲེམས་སྤེལ་དང་དྲང་ནུས་དར་སྤེལ་གཏོང་དགོས།