མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་
དང་འགྱུར་ཁྲོད་གསར་བརྩོན་དང་། འགྱུར་ཁྲོད་ཡར་བརྩོན། འགྱུར་ཁྲོད་ཚད་
བརྒལ་བཅས་ཡོང་བ་མཐའ་འཁྱོངས་བྱེད་དགོས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་
དང་འགྱུར་ཁྲོད་གསར་བརྩོན་དང་། འགྱུར་ཁྲོད་ཡར་བརྩོན། འགྱུར་ཁྲོད་ཚད་
བརྒལ་བཅས་ཡོང་བ་མཐའ་འཁྱོངས་བྱེད་དགོས་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉེ་ཆར་ཅི་ལིན་དུ་བརྟག་ཞིབ་གནང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པའི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་དང་འཚམས་པ་དང་ཁོང་དུ་ཆུད་པ་བྱས་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ་འགྱུར་ཁྲོད་གསར་བརྩོན་དང་། འགྱུར་ཁྲོད་ཡར་བརྩོན། འགྱུར་ཁྲོད་ཚད་བརྒལ་བཅས་ཡོང་བ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལེགས་པ། གྲུབ་ཆ་དེ་བས་བཟང་བ། ལེགས་ཆ་དེ་བས་འདོན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ནས་རང་རྒྱལ་གྱི་དཔལ་འབྱོར་རྣམ་པའི་རིམ་པ་དེ་བས་མཐོ་བ་དང་། ལས་བགོས་དེ་བས་བཟང་བ། གྲུབ་ཆ་དེ་བས་ལུགས་མཐུན་བཅས་ཀྱི་དུས་རིམ་དུ་སླེབས་རྒྱུར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཟླ7ཚེས་16ནས་ཚེས་18ཉིན་བར་ཅི་ལིན་ཞིང་ཨུད་ཀྱི་ཧྲུའུ་ཅི་པ་དབྱིང་ཁྲའོ་ལུང་དང་ཧྲེང་ཀྲང་ཅང་ཁྲའོ་ལེའང་གི་ཕེབས་རོགས་འོག་ཞིས་ཅིན་ཕིང་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ་དང་ཁྲང་ཁྲུན་གྲོང་ཁྱེར་གྱི་གྲོང་གསེབ་དང་། ཁེ་ལས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཁྲོད་དུ་ཕེབས་ཏེ་བྱང་ཤར་སོགས་ས་ཁུལ་གྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་ཡོང་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ཡག་པོ་འགོད་རྒྱུའི་ཐད་བརྟག་ཞིབ་དང་རྟོག་ཞིབ་གནང་།
        ཚེས་16ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་ཡན་པན་ཀྲོའུ་ཧོ་ལུང་གྲོང་ཁྱེར་ཤར་གྲོང་གྲོང་རྡལ་ཀོང་ཏུང་གྲོང་ཚོར་ཕེབས་ཤིང་། དེ་སྔ་དར་ཁྱབ་ཤིན་ཏུ་ཆེ་བའི་གླུ་གཞས་《ཉི་མ་དམར་པོ་མཐའ་མཚམས་ལ་འཕྲོ་》ཞེས་པའི་ནང་གི“ཧའེ་ལན་གཙང་འགྲམ་དུ་ཆུ་འབྲས་དྲི་ཞིམ་འཐུལ”ཞེས་པའི་ཡུལ་ལྗོངས་དེ་གར་རེད། ཞིས་ཅིན་ཕིང་འབྲས་ཞིང་ནང་ཕེབས་ཏེ་ཆུ་འབྲས་སྐྱེ་ཚུལ་ལ་གཟིགས་པ་དང་ཞིང་ནང་དུ་ལས་ཀ་བྱེད་བཞིན་པའི་གྲོང་མི་དང་ཞིང་ལས་ལག་རྩལ་མི་སྣ་དང་སྤེལ་རེས་དང་ཁོང་ཚོར་ཐོན་འཕར་གྱི་ལག་རྩལ་བྱ་ཐབས་ལེགས་པར་སྤྱད་ནས་སྟོན་འབྲུ་ལོ་ལེགས་ཡོང་བའི་བརྩོན་ལེན་བྱེད་དགོས་ཞེས་དང་ཁོང་གིས་འབྲུ་རིགས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། རྒྱལ་ཁབ་ཀྱིས་འབྲུ་རིགས་ཐོན་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་དཔལ་འབྱོར་འཕེལ་རྒྱས་དང་ནོར་སྲིད་ཡོང་འབབ་མང་དུ་གཏོང་ནུས་ཆེ་རུ་བཏང་སྟེ་འབྲུ་རིགས་ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་དང་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ་གཅིག་གྱུར་དང་། འབྲུ་རིགས་ཐོན་འཕར་དང་ཞིང་པར་འབབ་འཕར་ཡོང་རྒྱུ་གཉིས་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་མཛུབ་སྟོན་གནང་།
          དེ་རྗེས་ཞིས་ཅིན་ཕིང་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་ཕེབས། གྲོང་མི་ཞབས་ཞུ་ཁང་དུ་ཁོང་གིས་གྲོང་ཚོ་རིམ་པའི་ཞབས་ཞུའི་རྣམ་གྲངས་གང་ཞིག་ཡོད་པ་དང་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་མིན་བཀའ་འདྲི་གནང་བ་དང་ལས་དོན་མི་སྣར་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཚང་མ་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་ཞིང་། རིག་གནས་བྱེད་སྒོ་ཁང་དུ་གྲོང་མིས་ཁྲའོ་ཞན་རིགས་ཀྱི་ཞབས་བྲོ་ནང་སྦྱོང་བྱེད་བཞིན་ཡོད་པ་དང་ཞིས་ཅིན་ཕིང་གིས་དེ་གར་གཟིགས་ཏེ་ཁོང་ཚོས་ཞབས་བྲོ་ཡག་པོ་བརྒྱབ་པར་བསྔགས་བརྗོད་གནང་བ་དང་ཁོང་ཚོ་སྐྱིད་པོ་ཡོང་བའི་སྨོན་འདུན་དང་འབྲེལ་ཁོང་ཚོ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན།
          གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཁ་སྤྲོད་དུ་ཁྲའོ་ཞན་རིགས་ཀྱི་ཞིང་དུད་འགའ་ཞིག་ཡོད། ཞིས་ཅིན་ཕིང་གྲོང་མི་ལི་ལུང་ཀྲེའི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་གི་ཡོང་འབབ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་དེ་རྗེས་གྲོང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་། ཚང་མས་འཚང་ག་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་ད་ཕན་ལོ་ཤས་རིང་གྲོང་ཚོའི་དགའ་བ་སྐྱེ་འོས་པའི་འགྱུར་ལྡོག་དང་ཁང་པ་གསར་པར་སྤོས་པ་དང་། ཆུ་ཀ་ལ་སྤྱོད་པ། སྐུད་ཡོད་བརྙན་འཕྲིན་དང་དྲ་རྒྱ་ཡོད་པ། ཡུལ་སྐོར་ལས་རིགས་གཉེར་བ། སྤྱི་ཕན་ཞབས་ཞུ་སྡེ་ཁུལ་དུ་ཡོད་པ། འཚོ་བའི་ཁོར་ཡུག་གྲལ་འགྲིག་ཅིང་གཙང་བ། མཚན་མོར་ད་དུང་ལམ་སྒྲོན་ཡོད་པ་བཅས་ཞུས། ཞིས་ཅིན་ཕིང་གིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས་འདི་གར་བཀྲ་ཤིས་འཆམ་མཐུན་ཡིན་པ་མཐོང་སྐབས་བློ་བདེ་པོ་བྱུང་། གྲོང་གསེབ་ཀྱི་ལས་ཀའི་གྲུབ་འབྲས་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ནི་ཞིང་པའི་ཡོང་འབབ་འཕར་མིན་དེ་རེད། ཐབས་ལམ་སྣ་ཚོགས་བརྒྱུད་ཞིང་པའི་ཡོང་འབབ་མགྱོགས་ཙམ་འཕར་བའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། གྲོང་གསེབ་གསར་པའི་འཛུགས་སྐྲུན་ཐད་འཆར་འགོད་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཡུལ་སྲོལ་དང་མི་རིགས་གོམས་སྲོལ་ལ་དོ་སྣང་དང་གྲོང་གསེབ་ཀྱི་ཞན་ཆ་སེལ་བ་དང་གྲོང་གསེབ་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱས་ཏེ་ལྟ་ན་སྡུག་པའི་གྲོང་གསེབ་དང་ཞིང་པའི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་གསུངས། ཞིང་དུད་ནས་ཕྱིར་ཕེབས་སྐབས་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བཟང་འཚམས་འདྲི་ཞུས་པ་དང་ཞིས་ཅིན་ཕིང་གིས་ཁོང་ཚོར་ཕྱག་བཏང་གནང་བ་དང་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་བསྐོར་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས། རྟོག་ཞིབ་གནང་རིང་། ཞིས་ཅིན་ཕིང་གིས་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་ཅི་ལིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་ཅི་ལིན་གྱིས་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམས་པ་བྱེད་པའི་ཁྲོད་ཚད་བརྒལ་གསར་པ་བརྩོན་ལེན་བྱེད་པ་དང་། བཟོ་ལས་རྟེན་གཞི་ཁུལ་རྙིང་པ་དར་རྒྱས་ཡོང་བ་བྱེད་པའི་ཁྲོད་སྒུལ་ཤུགས་གསར་པ་གསོག་པ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བའི་ཁྲོད་འཕེལ་རྒྱས་གསར་པ་ཡོང་བ་བྱས་ཏེ་དར་རྒྱས་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་དགོས་ཞེས་གསུངས།
         ཞིས་ཅིན་ཕིང་གིས་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་བའི་འཐབ་ཇུས་སྔ་ཕྱི་བར་གསུམ་དུ་དམ་འཛིན་བྱེད་པ་དང་ཕྱོགས་མཚུངས་དུས་བབ་གསར་པ་དང་འགོ་ཚུགས་ས་གསར་པའི་ཐོག་བྱང་ཤར་བཟོ་ལས་རྟེན་གཞི་རྙིང་པས་ལམ་བུ་གསར་པའི་ཐོག་སྐྱོད་དགོས། ཐོན་ལས་ཀྱི་གྲུབ་ཆ་བཟང་འགྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གསར་དར་ཐོན་ལས་ཆགས་པ་བྱེད་པ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། གསར་གཏོད་ལ་བརྟེན་པའི་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་། གསར་གཏོད་ཀྱི་བྱ་ཐབས་ལེགས་པར་སྤྱོད་པ། སྤྱི་ཚོགས་ཧྲིལ་པོའི་གསར་གཏོད་ལས་གཏོད་ཀྱི་འཕེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ། གསར་གཏོད་ཀྱིས་སྣ་འདྲེན་དང་འདེགས་སྐྱོར་གཙོ་བོར་བྱེད་པའི་དཔལ་འབྱོར་མ་ལག་ཅིག་ཆགས་པ་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ནས་གསོན་ཤུགས་ཀྱིས་ཁེངས་པའི་སྒྲིག་སྲོལ་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། དམིགས་ཚད་འགན་འཁྲི་དོན་འཁྱོལ་བྱེད་པ། ཐོན་སྐྱེད་གཙང་མར་སྐུལ་མ་གཏོང་བ། སྔོ་ལྗང་རྩི་ཤིང་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ། སྣོད་བཅུད་ཁོར་ཡུག་དེ་བས་བཟང་བ་བཅས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་།
         ཞིས་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ཞིང་ལས་ལ་སྣང་ཆུང་དང་། ཞིང་པ་བརྗེད་པ། གྲོང་གསེབ་ལ་ཧོལ་རྒྱུག་བཅས་བྱེད་མི་རུང་། ངེས་པར་དུ་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་མཐའ་འཁྱོངས་བྱེད་པ་ལས་ཆུང་དུ་གཏོང་མི་རུང་བ་དང་གྲོང་གསེབ་སྒོ་ཀུན་ནས་འབྱོར་འབྲིང་ལ་སྐུལ་མ་གཏོང་རྒྱུར་ཧོལ་རྒྱུག་མི་གཏོང་བར་ངོས་འཛིན་གྱི་མཐོ་ཚད་དང་། མཐོང་ཆེན་གྱི་ཆུ་ཚད། གཏོང་ཆའི་ཤུགས་ཚད་བཅས་ཀྱི་ཐད་འཕེལ་ཕྱོགས་བཟང་པོ་མཐའ་འཁྱོངས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དེང་རབས་ཞིང་ལས་འཛུགས་སྐྲུན་མགྱོགས་པོ་བྱེད་པ། ཞིང་པའི་འབབ་འཕར་ལ་སྐུལ་མ་མགྱོགས་པོ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་མགྱོགས་པོ་བཅས་བྱས་ནས་ཞིབ་གཉེར་དང་། ཕན་ཆེ། བདེ་འཇགས། རྒྱུན་སྲིང་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་ནང་དམངས་འཚོ་ནི“ཕྱོགས་སྟོན”ལྟ་བུ་རེད། འཕེལ་རྒྱས་དང་དམངས་འཚོ་ཕན་ཚུན་མཉམ་འགུལ་དང་ཕན་ཚུན་ཆ་རྐྱེན་དུ་གྱུར་པའི་འབྲེལ་བ་སྒོ་ཀུན་ནས་ཁོང་དུ་ཆུད་པ་བྱས་ཏེ་རྒྱུན་སྲིང་འཕེལ་རྒྱས་ལ་བརྟེན་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་བ་དང་རྒྱུན་ཆད་མེད་པར་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བ་བརྒྱུད་ནུས་ལྡན་དགོས་མཁོ་དེ་བས་མང་བ་གཏོད་དགོས། མང་ཚོགས་དབུལ་པོར་དོ་སྣང་དང་སེམས་ཁུར་དེ་བས་བྱེད་པ་དང་དབུལ་སྐྱོར་གནད་སྨིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ནས་དབུལ་སྐྱོར་དཀའ་སེལ་བྱེད་དགོས་ཞེས་གསུངས།
         ཞིས་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བའི་འགག་རྩ་ནི་རིམ་ཁག་འགོ་ཁྲིད་ཚན་ཁག་གིས་ལས་བྱེད་པ་དང་མང་ཚོགས་སྣེ་ཁྲིད་དེ་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུར་བརྟེན་དགོས།
         འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་དམ་པ་དོན་གཉེར་ནན་བཤད་བྱེད་པ་དང་། སྒྱུར་བཅོས་དོན་འཁྱོལ་བྱེད་ནུས་ཆེ་རུ་གཏོང་བ། འགོ་ཁྲིད་ཚན་ཁག་གི་རྩ་དོན་རང་བཞིན་ཆེ་རུ་གཏོང་བ། ཏང་སྲིད་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་ཐབས་ཇུས་དང་ལག་བསྟར་གྱི་ལྷུ་ཚིགས་ཚང་མ་ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་བྱེད་དགོས། འགག་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཇུས་འགོད་ལེགས་པར་འགོད་རྒྱུར་དམིགས་ཏེ་དཀའ་ངལ་ཁྱད་བསད་ཀྱིས་མདུན་དུ་སྐྱོད་པ་ལས་རེ་སྒུག་བབ་ལྟ་བྱེད་རིང་སྒྱུར་བཅོས་ཀྱི་གོ་སྐབས་བཟང་པོ་མི་ཤོར་བ་དང་སྒྱུར་བཅོས་ཀྱི་འཕེལ་རིམ་རྗེས་སུ་མ་ལུས་པ་བྱེད་དགོས། ཏང་ནང་གི་ཆབ་སྲིད་འཚོ་བའི་བསྲུང་བྱ་མཐའ་འཁྱོངས་བྱེད་པ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་སྒོ་ཀུན་ནས་ལག་ལེན་བསྟར་ཏེ་དུས་དང་རྣམ་པ་ཀུན་ཏུ་རྩ་དོན་ལ་སྣང་ཆེན་དང་རྩ་དོན་ལྟར་བྱ་བ་སྒྲུབ་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་འགོ་ཁྲིད་ལས་བྱེད་མི་སྒེར་ལ་དོན་འཁྱོལ་བྱེད་དགོས་ལ་འགོ་ཁྲིད་ཚན་ཁག་ཧྲིལ་པོར་ཡང་དོན་འཁྱོལ་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོས་ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་གཞུང་དྲང་སྤྱོད་གཙང་དང་ལས་ཀ་ལེགས་པར་བསྒྲུབ་རྒྱུའི་སྣེ་ཁྲིད་ཐུབ་པ་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཚན་ཁག་ལ་གཅེས་སྐྱོང་དང་ལས་རོགས་ལ་གཅེས་སྐྱོང་བྱེད་པའི་ལྷག་བསམ་རྣམ་དག་གི་སྒོ་ནས་ཕན་ཚུན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་མཉམ་དུ་བྱ་བ་བསྒྲུབས་པ་དང་ཐུན་མོང་སྤྱོད་གཙང་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། ཀྲུང་དབྱང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།