མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ཚོར་མཇལ་འཕྲལ་
གནང་སྐབས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་འཆམ་ཞིང་བློ་སེམས་རྩེ་གཅིག་
ངང་ཀྲུང་གོའི་ཕུགས་འདུན་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་01ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ཚོར་མཇལ་འཕྲལ་
གནང་སྐབས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་འཆམ་ཞིང་བློ་སེམས་རྩེ་གཅིག་
ངང་ཀྲུང་གོའི་ཕུགས་འདུན་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས།

         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་66འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ནང་སོག་དང་ཀོང་ཞི། བོད་ལྗོངས། ཉིང་ཞ། ཞིན་ཅང་བཅས་རང་སྐྱོང་ལྗོངས་5ཡི་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ཚོ་པེ་ཅིང་དུ་ཕེབས་ནས་རྒྱལ་སྟོན་དུས་ཆེན་གྱི་བྱེད་སྒོ་ལ་ཞུགས་པར་དམིགས་བསལ་གདན་ཞུ་གནང་བ་རེད། ཟླ་9ཚེས་30ཉིན་གྱི་ཕྱི་དྲོར། ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོ་ནས་རང་སྐྱོང་ལྗོངས་5ནས་ཕེབས་པའི་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ཚོར་མཛའ་བརྩེ་ལྡན་པའི་ངང་མཇལ་འཕྲད་གནང་བ་མ་ཟད། ཁོང་ཚོ་དང་ལྷན་དུ་མཉམ་པར་ཡང་བསྐྱོན་པ་རེད།
         ཞིས་ཅིན་ཕིང་གིས་བསྟན་དོན། གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་ཚང་མ་ནི་རང་རྒྱལ་གྱི་རང་སྐྱོང་ལྗོངས་5ནས་ཕེབས་པས། ཚང་མ་མི་རིགས་མི་གཅིག་ལ་ལས་གནས་ཀྱང་མི་འདྲ་བ་རེད། ཁྱོད་ཚོས་རང་ཉིད་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན་རྗེས། ང་རང་ཡང་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་རེད། ཁྱོད་ཚོར་ཐུན་མོང་དུ་ཡོད་པ་ཞིག་ནི་ཁྱོད་ཚོ་ཚང་མ་ཧུར་བརྩོན་གྱིས་ངང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་བྱ་གཞག་ནང་ཞུགས་ཤིང་། མཛད་རྗེས་ཀྱིས་མི་སེམས་འགུལ་ཐུབ་པ་དང་། བྱས་རྗེས་འབུར་དུ་ཐོན་པ་དག་བཞག་ཡོད་པ་རེད། གོ་སྐབས་འདི་དང་བསྟུན་ནས། ངས་ཁྱོད་ཚོ་དང་། ཡང་ན་ཁྱོད་ཚོ་དང་བརྒྱུད་ནས་ཁྱེད་ཚོའི་ཡུལ་མི་ཚོ་དང་། རྒྱལ་ཡོངས་ཀྱི་མི་རིགས་56གི་སྤུན་ཟླ་ཚོར། དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཕུལ་བ་ཡིན་ཞེས་གསུངས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན། མི་རིགས་ཁག་ནི་སྣ་མང་གཞི་གཅིག་ཅན་ཡིན་པ་ནི་ཕ་མེས་ཡང་མེས་ཀྱིས་ང་ཚོར་བཞག་པའི་རྒྱུ་ནོར་གལ་ཆེན་ཞིག་ཡིན་ལ། དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་བླ་ན་མེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་བཙུགས་པ་དང་། ཚང་མས་ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་ལ་བླ་མེད་ཀྱི་བྱས་རྗེས་བཞག་ཡོད། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་རྗེས། ང་ཚོས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་འཐུབ་ཇུས་འོས་འགན་གསལ་བར་བྱས་ནས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཟོས་ནས་བཏོན་ཡོད། ངས་ཐེངས་མང་པོ་ཞིག་ལ"ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པ་ལ། མི་རིགས་གཅིག་ཀྱང་ལྷག་ཏུ་འཇུག་མི་རུང"ཞེས་ནན་བཤད་གནང་ཡོད། ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་མཐོང་ཆེན་འདི་འདྲ་བྱེད་པ་དང་། དབུལ་སྒྲོལ་ལས་དོན་ལ་མཐོང་ཆེན་འདི་འདྲ་བྱེད་ཀྱི་ཡོད་པ་དེ་ནི་མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་དེ་ལས་བརྟན་པོ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་ལས་མགྱོགས་པོ། མི་རིགས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་ལས་གཅིག་སྒྲིལ་ཐུབ་པ་བྱུང་སྟེ་མི་རིགས་ཁག་ཚང་མས་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ཡིན།
         མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་13རེ་རེ་བཞིན་ནི་ནང་སོག་ནས་ཡོང་བའི་སོག་རིགས་ཀྱི་འཐུས་མི་ཝུའུ་ཡུན་སུའུ་དབྱི་ལ་དང་། ཀོང་ཞི་ནས་ཡོང་བའི་ཀྲོང་རིགས་ཀྱི་འཐུས་མི་ཏུའུ་ལི་ཆུན། བོད་ལྗོངས་ནས་ཡོང་བའི་བོད་རིགས་ཀྱི་འཐུས་མི་སྐལ་བཟང་དབང་ཕྱུག་དང་སྐལ་བཟང་སྒྲོལ་དཀར། སྤེན་པ། པད་མ་དབྱངས་ཅན། རྒྱ་རིགས་ཀྱི་འཐུས་མི་སུང་ཡུས་ཀོང་། ཉིང་ཞ་ནས་ཡོང་བའི་ཧུའེ་རིགས་ཀྱི་འཐུས་མི་ཐའེ་བེན་པའོ། ཞིན་ཅང་ནས་ཡོང་བའི་ཡུ་གུར་རིགས་ཀྱི་འཐུས་མི་ཧ་ན་ཡུས་ཞན་ཨེ་ནེ་ཝར་དང་མུ་རའེ་ཀུ་ལི་ཨེ་ནེ་ཝར། མའེ་མའེ་ཐི་ཐུའུ་རུའུ་ཕུའུ་མུའུ་ས་ཁེ། ཧ་སག་རིགས་ཀྱི་འཐུས་མི་ཅུ་མ་ཐའེ་ཨུ་པའེ་ཁེ། རྒྱ་རིགས་ཀྱི་འཐུས་མི་ཡུག་ལེང་དབྱིན་བཅས་ཡིན་པ་རེད། ཁོང་ཚོས་ལག་ལེན་དངོས་ཀྱིས་མི་རིགས་མཐུན་སྒྲིལ་སྐུལ་འདེད་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་ལ་རང་ཉིད་ཀྱི་བྱས་རྗེས་བཞག་ཡོད་དེ། མི་ལ་ལས་ཡུལ་མི་ཚོར་སྣེ་ཁྲིད་དང་རོགས་སྐྱོར་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་བྱས་པ་དང་། ལ་ལས་དུས་ཚོད་ཡུན་རིང་ནང་དཀའ་ཚེགས་ཆེ་བའི་ས་ཁུལ་ནས་རང་འཁྲིའི་ལས་གནས་བརྟན་སྲུང་བྱས་པ། ལ་ལས་ཡོམ་འགོག་གེགས་སེལ་གྱི་ནང་ལས་དོན་འབུར་དུ་ཐོན་པ་བསྒྲུབ་ཡོད་པ་རེད།
         སྤྱི་ཁྱབ་ཧྲུའུ་ཅི་ལ་མཇལ་ཐུབ་པ་དང་ཁོང་གི་གསུང་བཤད་ལ་དངོས་སུ་ཉན་ཐུབ་པའི་གོ་སྐབས་བྱུང་བ་ན། འཐུས་མི་ཚང་མ་སྤྲོ་སེམས་རབ་ཏུ་འཁོལ་ཡོད་པ་རེད། ཁོང་ཚོས་མེས་རྒྱལ་གྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་མི་རིགས་ཁག་ལ་ཐུགས་ཁུར་གནང་བ་དང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་ཚོར་བརྩེ་གཟིགས་ཆེན་པོ་མཛད་འདུག  རང་སྐྱོང་ལྗོངས་ནི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་གི་ཁོངས་མི་ཞིག་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནི་ཁྱིམ་ཚང་གཅིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་བསླབ་བྱ་བློ་ལ་བརྟན་བཟུང་བྱས་ནས་ཕ་ཡུལ་ཀྱི་འཛུགས་སྐྲུན་སྔར་ལས་ལྷག་པ་དང་མེས་རྒྱལ་ཀྱི་འཛུགས་སྐྲུན་སྔར་ལས་ལྷག་པ་ཞིག་བྱེད་ངེས་ཞེས་བསྟན་པ་རེད། ཡུ་གུར་རིགས་ཀྱི་འཐུས་མི་ཧ་ན་ཡུས་ཞན་ཨེ་ནེ་ཝར་སྤྲོ་སེམས་འཁོལ་བའི་ངང་ངེད་ལྕམ་སྲིང་གཉིས་ཀྱིས་ཟླ་བ་གཉིས་ཀྱི་རིང་ལ"བློ་སེམས་རྩེ་གཅིག་ངང་ཀྲུང་གོའི་ཕུགས་འདུན་འཛུགས་སྐྱོང་བྱེད"ཅེས་པ་ཁབ་གཅིག་སྐུད་གཅིག་གིས་འཚེམ་འདྲུབ་བྱུང་བ་དེས་ཞིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ལ་དགའ་གུས་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་འབྱུང་བའི་རེ་འདུན་དང་ཡིད་ཆེས་དེ་མཚོན་ཡོད། ཐེངས་འདིར་སྤྱི་ཁྱབ་ཧྲུའུ་ཅིས་དམིགས་བསལ་གདན་ཞུ་གནང་སྟེ་ངེད་ལྕམ་སྲིང་གཉིས་ཀ་པེ་ཅིང་གི་རྒྱལ་སྟོན་བྱེད་སྒོ་ལ་ཞུགས་ཐུབ་པ་དེ་ནི་ངེད་གཉིས་ལ་མཚོན་ན་མི་ཚེ་གཅིག་གི་གཟི་བརྗིད་ཅིག་རེད། གྲོང་ཚོའི་ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ངེད་གཉིས་ལ་མཇལ་རྒྱུ་ཡིན་པ་དེ་ཐོས་འཕྲལ། ངེད་ལྕམ་སྲིང་གཉིས་ལ་ངེས་པར་དུ་སྤྱི་ཁྱབ་ཅི་དང་ཕྱག་འཇུས་ཤིག་བྱེད་དགོས་ཞེས་གདམས་པ་རེད། ང་ཚོས་འཚེམ་དྲུབ་ཀྱི་སྒོ་བན་བཟོ་བ་ནང་བཞིན་ལག་ལེན་དངོས་ལ་བརྟེན་ནས་བློ་མཐུན་ཞིས་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་བྱས་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་གི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་དམ་ཟབ་དང་། རླབས་ཆེན་མེས་རྒྱལ་ལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་མཛེས་སྡུག་གི་དཔེ་རིས་ཤིག་བཟོ་ངེས་ཡིན་བརྗོད་པ་རེད།