མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འདི་ལོ་ཚུན་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ས་ཁུལ་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ནུས་ལྡན་དང་ཕན་འབྲས་ལྡན་པའི་སྒྱུར་བཅོས་ཀྱི་གྲུབ་འབྲས་ཆེན་པོ་ཁག་གཅིག་འདོན་རྒྱུར་སྐུལ་འདེད་བཏང་བར་བརྟེན་སྒྱུར་བཅོས་ཐད་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། གནས་མང་ཚད་བརྒལ། གོམ་སྟབས་བརྟན་པོ། སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། སང་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོ་ཡིན་པས། སྒྱུར་བཅོས་ཀྱི་ལས་འགན་ཁག་དང་ལམ་ལུགས་འཛུགས་སྐྱོང་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དང་འཕེལ་རྒྱས་ཀྱི་སྒྲིག་གཞི་གསར་པ་འཛུགས་རྒྱུའི་ཕྱོགས་སུ་གཅིག་སྡུད་བྱས་ཏེ་འགག་རྩ་དམ་འཛིན་དང་། གནད་འཕིགས་ཤུགས་འདོན། འགན་འཁྲི་ནན་དུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སྒྱུར་བཅོས་ཁག་ལ་སྔོན་དཔག་གི་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གི་དབང་ཆ་དང་འགན་འཁྲིའི་གསལ་ཐོ་བཟོ་འགོད་ཀྱི་ཚོད་ལྟའི་ཇུས་གཞི་》དང་། 《དུས་སྐབས་གསར་པའི་སློབ་གསོ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུའི་སྐོར་གྱི་བསམ་འཆར》《ཐེམ་ཐོ་མེད་མཁན་གྱི་ཐེམ་ཐོའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར》《ཀྲུང་གོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ཇུས་གཞི》《རྒྱལ་ཡོངས་ས་གནས་ཁག་ཏུ་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟ་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་དགོངས་སྐོར》《སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ལས་སྒྲུབ་ཉེན་རྟོག་པའི་གོ་གནས་ཀྱི་གྲལ་རིམ་སྒྱུར་བཅོས་ཚོད་ལྟའི་ཇུས་གཞི》《སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་དོན་ལག་རྩལ་གྱི་གོ་གནས་ཀྱི་གྲལ་རིམ་སྒྱུར་བཅོས་ཚོད་ལྟའི་ཇུས་གཞི》《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་2015ལོའི་ལས་ཀའི་ཕྱོགས་སྡོམ་སྙན་ཞུ》《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་2016ལོའི་ལས་ཀའི་གཙོ་གནད་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གི་དབང་ཆ་དང་འགན་འཁྲིའི་གསལ་ཐོ་བཟོ་འགོད་ཀྱི་ཚོད་ལྟའི་ལས་དོན་ཁྱབ་གདལ་གཏོང་བར། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་བཟང་སྒྲིག སྲིད་གཞུང་གི་འགན་ནུས་འགྱུར་རྒྱུ་བཅས་ཀྱི་བླང་བྱ་གཞིར་བཟུང་། གསལ་ཐོའི་བྱེད་ཐབས་ཐོག་ནས་ཚོད་ལྟའི་སྡེ་ཚན་ཁག་གི་སྲིད་འཛིན་གྱི་དབང་ཆ་དང་འགན་འཁྲི་དང་དེ་བཞིན་དེའི་གཞི་འཛིན་ས་དང་། སྒྲུབ་བྱའི་ལས། ལས་ཀའི་བརྒྱུད་རིམ་སོགས་གསལ་པོ་བཟོས་ནས་སྲིད་འཛིན་དབང་ཆ་དང་འགན་འཁྲི་ཁྲིམས་ལྟར་ཡོངས་བསྒྲགས་བྱ་རྒྱུ་ཁྱབ་གདལ་གཏོང་བ་དང་། སྲིད་འཛིན་དབང་ཆར་ལྟ་སྐུལ་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབྱེ་མཚམས་ཁ་གསལ་དང་། ལས་བགོས་ལུགས་མཐུན། དབང་ཆ་དང་འགན་འཁྲི་གཅིག་གྱུར། ལས་ཕྱོད་མཐོ་བ། ཁྲིམས་ལྟར་འགན་ལེན་བཅས་ཀྱི་སྲིད་གཞུང་གི་འགན་ནུས་མ་ལག་མགྱོགས་མྱུར་ཆགས་པ་བྱེད་དགོས། དབང་ཆ་གཅུན་འདོམས་དང་ཚད་ལྡན་དུ་གཏོང་རྒྱུ་དང་། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཚོད་ལྟའི་ལས་དོན་གྱི་འགོ་འཛུགས་སར་བྱས་ཏེ་སྤྱི་ཚོགས་ཐོག་དོ་ཁུར་བྱེད་མང་བ་དང་། མང་ཚོགས་ཀྱི་བསམ་འཆར་མང་བ། ཕན་འབྲས་ཐོན་མགྱོགས་པ་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་སམ་ཡང་ན་དབང་ཆ་དང་འགན་འཁྲིའི་བྱ་བ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དབང་ཆ་འཁོར་སྐྱོད་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
         ཚོགས་འདུའི་ཐོག་སློབ་གསོ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་དེ་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་གི་གྲུབ་ཆ་གལ་ཆེན་གྱི་ཆ་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱས་ཏེ་སློབ་གསོ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་རང་རྟོགས་ངང“རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུ་སོགས་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུས་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་བ་བྱེད་པའི་འཐབ་ཇུས། ཤེས་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཀྱི་འཐབ་ཇུས་བཅས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
         ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་གཉིས་གཅིག་ཏུ་བསྡུ་སྒྲིལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་གཅིག་གྱུར་འཛུགས་རྒྱུ་དེ་ནི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་འདྲ་མཉམ་ཐོག་གཞི་རྩའི་སྨན་བཅོས་འགན་བཅོལ་དབང་ཆ་ལོངས་སུ་སྤྱོད་རྒྱུ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བཞག་ལ་སྐུལ་འདེད་གཏོང་རྒྱུ། མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁྲིམས་ལྟར་ཐེམ་ཐོ་ཐོ་འགོད་བྱ་རྒྱུ་དེ་ནི་བཅའ་ཁྲིམས་ཀྱིས་སྤྱི་དམངས་ལ་སྤྲད་པའི་རྩ་བའི་དབང་ཆ་ཞིག་ཡིན་ལ། སྤྱི་དམངས་སྤྱི་ཚོགས་བྱ་གཞག་ནང་ཞུགས་རྒྱུ་དང་། དབང་ཆ་དང་འོས་འགན་ཁག་སྒྲུབ་པའི་སྔོན་འགྲོ་ཡང་ཡིན། ཐེམ་ཐོ་ཐོ་འགོད་སྲིད་ཇུས་འཐུས་ཚང་དུ་བཏང་ནས་འཆར་ལྡན་བུ་བཙའ་སོགས་ཀྱི་སྲིད་ཇུས་དང་ཐེམ་ཐོ་ཐོ་འགོད་བྱ་རྒྱུ་ཟུང་འབྲེལ་བྱེད་པ་དང་ཐེམ་ཐོ་ཐོ་འགོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཐེམ་ཐོ་མེད་པའི་མི་སྣའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། མཚོ་སྔོན་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་དཔེ་མཚོན་དང་མཚོན་བྱེད་རང་བཞིན་གྱི་ས་ཁོངས་བདམས་ནས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་ཏེ་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་རང་བྱུང་ཐོན་ཁུངས་གལ་ཆེན་རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་ཀྱིས་ལོངས་སྤྱོད་བྱེད་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུ་བཅས་མངོན་འགྱུར་བྱ་རྒྱུ་དང་རང་བྱུང་ཐོན་ཁུངས་མུ་མཐུད་སྲུང་གསོ་དང་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁྲིམས་འཛིན་མི་སྣ་རིགས་དབྱེ་དོ་དམ་བྱ་རྒྱུ་འཐུས་ཚང་དུ་གཏོང་རྒྱུ་དང་། ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ཁྲིམས་འཛིན་མི་སྣའི་ལས་རིགས་འགན་ལེན་འཐུས་ཚང་དུ་གཏོང་རྒྱུ། ཞིང་ཆེན་མན་གྱི་ས་གནས་ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁུངས་ཀྱི་མི་རྒྱུ་དངུལ་བཅས་གཅིག་གྱུར་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ནི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་རྨང་གཞིའི་རང་བཞིན་གྱི་བྱ་ཐབས་ཤིག་ཡིན། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་2014ལོ་ནས་བཟུང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་18ལ་སྔ་རྗེས་སུ་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཁག་གཉིས་སྤེལ་ཡོད།
         ཚོགས་འདུའི་ཐོག་བསྟན་དོན། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་ལས་སྒྲུབ་ཉེན་རྟོག་པའི་གོ་གནས་ཀྱི་གྲལ་རིམ་དང་ཉེན་རྟོག་ལས་དོན་གྱི་གོ་གནས་ཀྱི་གྲལ་རིམ་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དེ་ནི་མི་དམངས་ཉེན་རྟོག་པའི་དོ་དམ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། མི་དམངས་ཉེན་རྟོག་པའི་དྲག་ཆས་རང་བཞིན་དང་། དངོས་འཐབ་རང་བཞིན། ལས་འབོར་མང་བ། ཉེན་ཁ་ཆེ་བ་སོགས་ལས་རིགས་ཀྱི་ཁྱད་ཆོས་དང་དེ་བཞིན་སྤྱི་བདེའི་དཔུང་ཁག་གཞི་ཁྱོན་ཆེ་བ་དང་། རིམ་པ་མང་བ། གཙོ་བོ་གཞི་རིམ་གྱི་འཐབ་ས་དང་པོར་གཅིག་སྡུད་ཡིན་་པ་སོགས་དངོས་ཡོད་གནས་ཚུལ་གཞིར་བཟུང་ཁྲིམས་འཛིན་ལས་སྒྲུབ་ཉེན་རྟོག་པའི་གོ་གནས་ཀྱི་གྲལ་རིམ་འཐུས་ཚང་དུ་གཏོང་བ་དང་། ཉེན་དོན་ལས་དོན་ལག་རྩལ་གྱི་གོ་གནས་ཀྱི་གྲལ་རིམ་བཟོ་བ། ཁྲིམས་འཛིན་ལས་སྒྲུབ་ཉེན་རྟོག་པ་དང་ཉེན་རྟོག་ལས་དོན་ལག་རྩལ་གྱི་ལས་རིགས་འཕེལ་རྒྱས་གཏོང་བའི་བར་མཐོངས་ཆེ་རུ་གཏོང་བ། ལྕག་འདེབས་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་དཔུང་ཁག་གི་གསོན་ཤུགས་འཕེལ་བ་བྱེད་དགོས་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཕྱོགས་རྒྱུར་སྣང་ཆེན་དང་བྱས་རྗེས་ལ་དཔྱད་ཞིབ་བྱ་རྒྱུ་མངོན་པ་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོའི་སྒྱུར་བཅོས་ལས་དོན་གྱི་སྤྱིའི་བསམ་ཕྱོགས་ནི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་ཐོག་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་བྱེད་ཐབས་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་དོན་འཁྱོལ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་པ། གནད་འཕིགས་ཤུགས་འདོན་མངོན་པ། ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་མངོན་པ། ལྟ་ཞིབ་དོན་འཁྱོལ་མངོན་པ་བཅས་བྱས་ནས་མཚོན་བྱེད་རང་བཞིན་དང་སྣེ་ཁྲིད་རང་བཞིན་ལྡན་པའི་སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་དམ་འཛིན་བྱས་ཏེ་རང་འགུལ་འཕར་རྒོལ་ཐུབ་པ་བྱེད་དགོས།
         ཚོགས་འདུའི་ཐོག་སྒྱུར་བཅོས་ལས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་མིན་གྱི་འགག་རྩ་ནི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དེ་ཡིན། སྡེ་ཚན་དང་ས་གནས་གཉིས་ཀྱི་འགན་འཁྲིའི་བྱེད་པོར་དམ་འཛིན་བྱས་ནས་སྒྱུར་བཅོས་ཀྱི་འགན་འཁྲིར་གོ་བ་ལེན་ཐུབ་པ་དང་དོན་འཁྱོལ་ཐུབ་པ་དང་། འགན་འཁྲིར་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་འགན་འཁྲིར་བརྟེན་ནས་ཕན་འབྲས་ཐོན་པ། སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་བ་དང་། ཚོད་སྐོར། ལྟ་ཞིབ། དོན་འཁྱོལ་སོགས་ལྷུ་ཚིགས་ལྔར་དམ་འཛིན་བཅས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་བསྙེགས་དང་། བརྒྱུད་རིམ་ཧྲིལ་པོའི་འགན་ཁུར་བ། མཐའ་གཅིག་ཏུ་དམ་འཛིན་བཅས་ཐུབ་པ་བྱེད་དགོས། གོང་འོག་འབྲེལ་མཐུད་དང་རིམ་གྱིས་འགན་ཁུར་བའི་བྱེད་པོའི་འགན་འཁྲིའི་འབྲེལ་ཐག་ཆགས་པ་བྱས་ནས་འགན་འཁྲི་གཏན་འཁེལ་བྱེད་པ་དང་འགན་འཁྲི་བདའ་འདེད་གཏོང་བའི་དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལས་དོན་ཚང་མ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད།

  
215-12-09 2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30