མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་དཀའ་ངལ་ཡོད་པའི་སློབ་མར“གནད་སྨིན་རོགས་དངུལ”སྤྲོད་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་11ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། སློབ་གསོ་པུས་ཟླ་12ཚེས་9ཉིན་《རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་འཆར་འགོད་རྩ་གནད་(2010ནས་2020ལོའི་བར)》ཀྱི་སློབ་མར་རོགས་དངུལ་སྤྲོད་སྐོར་གྱི་དུས་དཀྱིལ་ཚོད་སྐོར་སྙན་ཞུ་ཡོངས་བསྒྲགས་བྱས་པའི་ནང་འབྱུང་འགྱུར་ལོ་ལྔའི་ནང་རང་རྒྱལ་གྱིས་སློབ་མའི་རོགས་དངུལ་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཐོག་སློབ་གྲྭའི་སྐྱིད་སྡུག་རྨང་གཞིར་བྱས་པའི་རྒྱལ་ཡོངས་སློབ་མའི་རོགས་དངུལ་དོ་དམ་ཆ་འཕྲིན་མ་ལག་བཙུགས་ནས་མི་འབོར་དང་། མ་མཐའི་འཚོ་བ་འགན་ལེན། དབུལ་སྐྱོར་སོགས་སྡེ་ཚན་ཁག་གི་ཆ་འཕྲིན་མ་ལག་དང་ཁ་གཏད་སྦྲེལ་མཐུད་ཐུབ་པའམ་ཡང་ན་ཆ་འཕྲིན་མཉམ་སྤྱོད་ཐུབ་པར་བྱས་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་སློབ་མའི་ཐོབ་ཐང་གཏན་འཁེལ་དང་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་སློབ་མ་ངོས་འཛིན་བྱེད་པའི་ཐད་ལག་རྩལ་འདེགས་སྐྱོར་མཁོ་འདོན་གྱིས་རོགས་དངུལ་དོ་དམ་ལས་དོན་གྱི་ཕན་འབྲས་ཆེ་རུ་དང་སློབ་མར་རོགས་དངུལ་སྤྲོད་པའི“གནད་དུ་སྨིན་ཚད”མཐོ་རུ་བཏང་ནས་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་སློབ་ཤོར་བྱེད་མཁན་སློབ་མ་གཅིག་ཀྱང་མི་ཐོན་པར་བྱེད་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         ཚོད་སྐོར་ཚོགས་ཆུང་གི་ཞིབ་འཇུག་བྱ་གཞིའི་འགན་འཁུར་བ་པེ་ཅིང་སློབ་ཆེན་སློབ་གསོ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཏིང་ཞའོ་ཧའོ་ཡིས་《འཆར་འགོད་རྩ་གནད་》ལག་བསྟར་བྱས་ཚུན་རང་རྒྱལ་གྱིས་སློབ་ཞུགས་གོང་གི་སློབ་གསོ་དང་མཐོ་འབྲིང་དཀྱུས་མའི་སློབ་གསོ་དུས་མཚམས་ཀྱི་རོགས་དངུལ་སྤྲོད་པའི་ལམ་ལུགས་བཙུགས་ནས། སློབ་གསོའི་དུས་མཚམས་དེ་གཉིས་ཀྱི་རོགས་དངུལ་སྲིད་ཇུས་ཐད་ཀྱི་སྟོང་ཆ་བསྐངས་བས། རོགས་དངུལ་སྤྲོད་པའི་སྲིད་ཇུས་མ་ལག་གིས་སློབ་ཞུགས་གོང་གི་སློབ་གསོ་ནས་ཞིབ་འཇུག་སློབ་མའི་སློབ་གསོའི་བར་ཚང་མར་ཁྱབ་ཡོད་པ་རེད། 2010ལོ་ནས་2014ལོའི་བར་རྒྱལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་སློབ་གསོའི་དུས་མཚམས་ཁག་གི་སློབ་མར་རོགས་དངུལ་སྤྲད་ཚད་སྒོར་དུང་ཕྱུར་5564.43(འོས་འགན་སློབ་གསོའི་རིན་མེད་སློབ་དེབ་དང་འཚོ་བཅུད་ལེགས་གཏོང་གསབ་དངུལ་ཚུད་མེད)ཟིན་པའི་ནང་2014ལོར་རོགས་དངུལ་སྤྲད་ཚད་སྒོར་དུང་ཕྱུར་1421.28ཟིན་པ་དེ་2009ལོ་དང་བསྡུར་ན་104.82%འཕར་ཡོད་པ་རེད། རིམ་རྩིས་བརྒྱབ་ན་སློབ་གསོའི་དུས་མཚམས་ཁག་གི་སློབ་མ་མི་ཐེངས་དུང་ཕྱུར་4.1ལ་རོགས་དངུལ་སྤྲད་ཡོད་པ་དང་། ལོ་རེར་ཆ་སྙོམས་མི་ཐེངས་ཁྲི་8201.26ལ་རོགས་དངུལ་སྤྲད་པ་དེ་2009ལོ་དང་བསྡུར་ན་25.8%འཕར་ཡོད་པ་རེད། རོགས་དངུལ་སྤྲོད་པའི་བསྡུར་ཚད་གཏན་འཁེལ་བྱེད་པའི་ཐད་རྒྱལ་ཁབ་ཀྱི་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཀྱིས་གྲོང་གསེབ་ས་ཁུལ་དང་། ས་ཁུལ་དབུལ་པོ། མི་རིགས་ས་ཁུལ། ཤིན་ཏུ་དབུལ་པོའི་ཚོགས་སྤྱི། དམིགས་བསལ་ཆེད་ལས་བཅས་ལ་ཕྱོགས་ཡོད་པ་རེད།
         འབྱུང་འགྱུར་ལོ་ལྔའི་ནང“ཁྱིམ་ཚང་དབུལ་བའི་རྐྱེན་གྱིས་སློབ་ཤོར་བྱེད་མཁན་སློབ་མ་གཅིག་ཀྱང་མི་ཐོན་པར་བྱེད་རྒྱུའི”དམིགས་ཚད་མངོན་འགྱུར་བྱས་ནས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་བྱེད་ཆེད་སློབ་གསོ་པུའུ་ནོར་དོན་སིའི་སི་ཀྲང་གཞོན་པ་ཀྲའོ་ཅན་ཅུན་གྱིས་བྱ་དགའ་ཆད་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སློབ་ཞུགས་གོང་གི་སློབ་གསོའི་རོགས་དངུལ་སྤྲོད་ཁྱོན་ཆེ་རུ་གཏོང་དགོས་པ་དང་། འོས་འགན་སློབ་གསོའི་སློབ་མ་ཚང་མར“རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲོན་རྩག་རྩིག་རིགས་དབྱེ་ནས་རིམ་བཞིན་རྩ་ཆག་གཏོང་དགོས་པ། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་སློབ་མར་མཐོ་འབྲིང་དཀྱུས་མའི་སློབ་གྲོན་རྩག་རྩིག་སྔོན་ལ་རྩ་ཆག་གཏོང་དགོས་པ་བཅས་དང་ཆབས་ཅིག་གནད་སྨིན་རོགས་དངུལ་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཐོག་ཆ་འཕྲིན་འཚོལ་བསྡུ་བྱས་པ་བརྒྱུད་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་སློབ་མ་གནད་དུ་འཁེལ་བར་ངོས་འཛིན་བྱས་ནས“རོགས་དངུལ་སྤྲོད་ཡུལ་གཅིག་ཀྱང་མི་ལུས་རྒྱུའི”འགན་ལེན་བྱེད་དགོས་པ་དང་། རོགས་དངུལ་རྣམ་གྲངས་ཚང་མ་དོན་འཁྱོལ་བྱས་ནས“རྣམ་གྲངས་གཅིག་ཀྱང་མི་ལུས་རྒྱུའི”འགན་ལེན་བྱེད་དགོས་པ། དུས་ཐོག་ཏུ་རོགས་དངུལ་འདང་ངེས་སྤྲད་དེ“དངུལ་སྐར་མ་གཅིག་ཀྱང་མི་ཆད་རྒྱུའི”འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

  
215-12-09 2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30