མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་དུ་ལས་སྒྲུབ་སྙན་འབུལ་དུ་ཡོང་མཁན་ལེང་ཀྲེན་དབྱིན་དང་
ཚུའེ་ཧྲི་ཨན་སོ་སོར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་25ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ་པེ་ཅིང་དུ་ལས་སྒྲུབ་སྙན་འབུལ་དུ་ཡོང་མཁན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལེང་ཀྲེན་དབྱིན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་སོ་སོར་མཇལ་འཕྲད་གནང་ནས་ཁོང་གཉིས་ཀྱིས་ཞུས་པའི་ཤང་ཀང་དང་ཨའོ་མོན་གྱི་དེང་སྐབས་ཀྱི་དུས་སྐབས་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་འབྲེལ་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གཉིས་ཀྱི་གྲོང་མི་རྣམས་ལོ་གསར་སྤྲོ་པོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ཚུན་དུ་སྲིད་འཛིན་དཔོན་ལེང་ཀྲེན་དབྱིན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་གྱིས་ཤང་ཀང་གི་ཆབ་སྲིད་ལམ་ལུགས་གོང་འཕེལ་དང་། དཔལ་འབྱོར་གོང་འཕེལ། དམངས་འཚོ་ལེགས་བཅོས་བཅས་ཀྱི་ཆེད་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱས་པས་ཁྱབ་ཁོངས་མང་པོ་ཞིག་ཏུ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་སྟེ་ཤང་ཀང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་དབྱང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་དོན་ཐད་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཉེ་ལམ་ལོ་ཤས་རིང་ཤང་ཀང་གི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བའི་ཁྲོད་གནས་ཚུལ་གསར་པ་འགའ་ཐོན་ཡོད། ངས་འདི་གར་ནན་བཤད་བྱ་རྒྱུར་ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བའི་ཁྲོད་ཁག་གཉིས་མཐའ་འཁྱོངས་བྱེད་ཀྱི་ཡོད། གཅིག་ནི་བློ་བརྟན་འགྱུར་མེད་ཀྱིས་འགྱུར་ལྡོག་མི་གཏོང་བ་དང་གཡོ་འགུལ་མི་གཏོང་རྒྱུ་དང་། གཉིས་ནི་ཕྱོགས་ཡོངས་ནས་་གནད་ལ་འཁེལ་བ་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཤང་ཀང་དུ་རྣམ་པ་དང་བཟོ་ལྟ་མི་འགྱུར་བའི་འགན་ལེན་བྱས་ནས་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་སྐབས་ལོ་གཅིག་ལྷག་ཙམ་རིང་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་གྱིས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་སྲིད་སྐྱོང་བརྟན་པོ་དང་ལས་དོན་ཧུར་ཐག་བསྒྲུབས་ནས་ཕུགས་ཀྱི་འཕེལ་རྒྱས་དོན་གཉེར་ཧུར་ཐག་བྱས་པས་རྣམ་པ་གསར་པ་ཐོན་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་ཁྱེད་ཚོར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་དབྱང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་དབྱང་གིས་ཨའོ་མོན་དར་རྒྱས་བརྟན་ལྷིང་ཡོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ན་ནིང་ང་རང་ཨའོ་མོན་དུ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་15འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་ཀྲུང་དབྱང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གོམས་སྲོལ་ཆུ་ཁོངས་དོ་དམ་ཁྱབ་ཁོངས་གསལ་འབྱེད་ཀྱི་འབྲེལ་ཡོད་ལས་དོན་སྤེལ་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་ཡིན། ད་ཆ་ལོ་གཅིག་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་ལས་དོན་དེ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཨའོ་མོན་གྱི་གོམས་སྲོལ་ཆུ་ཁོངས་དོ་དམ་གྱི་ཁྱབ་ཁོངས་ཁ་གསལ་དུ་ཕྱིན་པ་མ་ཟད། ད་དུང་ཨའོ་མོན་གྱི་སྐམ་སའི་དབྱེ་མཚམས་གསལ་འབྱེད་ཐུབ་ཡོད། དེ་ལས་ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་རྒྱུར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་བ་དང“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་ལེན་བསྟར་བའི་ཐད་ལའང་ཨའོ་མོན་གྱིས་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དེང་སྐབས་ཨའོ་མོན་གྱི་དཔལ་འབྱོར་ཐད་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནས་འཕར་ཚད་བསྟུད་མར་ཆག་བཞིན་ཡོད་མོད། འོན་ཀྱང་ཨའོ་མོན་གྱི་དཔལ་འབྱོར་ཐད་གནོན་ཤུགས་འགོག་པའི་ནུས་པ་ཅུང་ཆེན་པོ་ལྡན་པ་དང་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡིན་པས་འཕེལ་རྒྱས་ཐད་ལའང་གོ་སྐབས་གསར་པ་མང་དག་ཡོད་ཅེས་གསུངས་པ་རེད།

  
2015-12-17