མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དྲ་དམངས་ཀྱི་ཐབས་ཇུས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཇུག་རེ་ཡོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་1ཉིན་བར། “ངས་ཙུང་ལི་མཆོག་ལ་བཀའ་མོལ་འགའ་ཤས་ཞུ་རྒྱུ་ཡིན”ཞེས་པའི་དྲ་དམངས་ཀྱི་ཐབས་ཇུས་བསྡུ་རུབ་བྱེད་སྒོར་དྲ་དམངས་ཀྱི་ཐབས་ཇུས་ཁྱོན་61950འབྱོར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་ཀྲུང་གོ་སྲིད་གཞུང་དྲ་རྒྱ། མི་དམངས་དྲ་རྒྱ་དང་། ཤིན་ཧྭ་དྲ་རྒྱ ཤིན་ལང་དཔོད་ཆུང་། དེ་རིང་གི་གསར་འགྱུར་གཙོ་བོ་སོགས་དྲ་རྒྱའི་སྨྱན་སྦྱོར་11གིས་འདི་ལོའི་ཟླ་1ཚེས་31ཉིན་ནས་བཟུང་མཉམ་འབྲེལ་ཐོག་སྤེལ་ཡོད། ཀྲུང་གོ་སྲིད་གཞུང་དྲ་རྒྱའི་འབྲེལ་ཡོད་འགན་འཁུར་བས། བསྡུ་རུབ་བྱས་པའི་དྲ་དམངས་ཀྱི་ཐབས་ཇུས་དག་འདི་ལོའི་ཚོགས་འདུ་གཉིས་རིང་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཇུག་རེ་ཡོད་ཅེས་བཤད་པ་རེད།
           ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་དྲ་དམངས་ཀྱིས་བཏོན་པའི་ཐབས་ཇུས་རྣམས་ཐབས་འདོན་ཇུས་འདོན་གྱི་ཁྱབ་ཁོངས་18ལ་ཡོངས་སུ་ཁྱབ་པ་དང་། དྲ་དམངས་ཀྱིས་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེ་རིགས་དང་། སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་འགན་ལེན་སོགས་ལ་གཞིགས་ཏེ་བསམ་འཆར་ཧུར་ཐག་བཏོན་པའི་ནང་ནས། ཐབས་འདོན་ཇུས་འདོན་བྱེད་མང་ཤོས་ཀྱི་ཁྱབ་ཁོངས་ནང་སྤྱི་ཚོགས་འགན་སྲུང་(ཁག་3776)དང་། སྨན་བཅོས་སྒྱུར་བཅོས(ཁག་3649) ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད(ཁག་3555) སློབ་གསོ་འདྲ་མཉམ་(ཁག་3454)བཅས་ཚུད་ཡོད།
          ཀྲུང་གོ་སྲིད་གཞུང་དྲ་རྒྱའི་ལས་དོན་མི་སྣས་བསྡུ་རུབ་བྱས་པའི་ཐབས་ཇུས་དེ་དག་ལས་དྲ་དམངས་ཕལ་ཆེ་བའི་བསམ་བློ་ཡང་དག་དང་། ཚང་མ་ལྷག་བསམ་གྱི་འབོད་སྒྲ་འདོན་མཁན་ཤ་སྟག་ཡིན་པ་མཐོང་ཐུབ་པ་དང་། དྲ་དམངས་མང་པོ་ཞིག་གིས་ཐབས་ཇུས་འདོན་སྐབས་རང་ཉིད་ཀྱི་གྲོས་འགོ་ཞིབ་པར་བཤད་པ་དང་ད་དུང་རྒྱབ་ལྗོངས་ཀྱི་བརྟག་དཔྱད་དང་། བྱེད་འཐུས་རང་བཞིན་གྱི་དབྱེ་ཞིབ། གོ་རིམ་ལག་བསྟར་སོགས་སྒྲུབ་བྱེད་ཞིབ་ཚགས་ཐོག་ནས་ར་སྤྲོད་བྱས་ཡོད། དྲ་དམངས་ཁག་གཅིག་ལ་ཆེད་ལས་ཤེས་བྱ་དང་རྒྱབ་ལྗོངས་ལྡན་པའམ་ཡང་ན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བརྟག་ཞིབ་དང་ཞིབ་འཇུག་གི་ཉམས་མྱོང་ལྡན་ཡོད་པས། ད་ཐེངས་ཀྱང་ཐབས་འདོན་ཇུས་འདོན་གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ཤེས་རྟོགས་ཟབ་པའི་གྲོས་འགོ་བཏོན་ཡོད།
          ད་ཐེངས་ཀྱི“ངས་ཙུང་ལི་མཆོག་ལ་བཀའ་མོལ་འགའ་ཤས་ཞུ་རྒྱུ་ཡིན”ཞེས་པའི་བྱེད་སྒོའི་ཁྲོད། དྲ་ཚུགས་ཁག་གིས་རང་ངོས་ཀྱི་རང་རྐྱ་འཕེར་བའི་མ་ལག་སྟེགས་བུ་བརྒྱུད། དྲ་དམངས་ཀྱི་ཐབས་ཇུས་ཕྱོགས་སྡོམ་དང་ལེགས་འདེམས་ཞིབ་ཚགས་བྱས་པ་བརྒྱུད། ལུགས་མཐུན་རང་བཞིན་གྱི་བསམ་འཆར་དང་ཆུ་ཚད་ངེས་ཅན་ཡོད་པའི་ཐབས་ཇུས་བཏོན་པར། ཁག་དབྱེ་ནས་ཞུན་བརྡར་བྱས་རྗེས་ཐབས་ཇུས་དེ་དག་འབྲེལ་ཡོད་འགོ་ཁྲིད་ལ་སྙན་སེང་ཞུ་བའམ་ཡང་ན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་འཆར་ཟིན་འགོད་པའི་ཚན་པར་བརྒྱུད་འབུལ་བྱ་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དྲ་དམངས་ཀྱི་ཐབས་ཇུས་བསྡུ་རུབ་བཟོ་བའི་བྱེད་སྒོ་དེ་ན་ནིང་གི་ཀྲུང་གོའི་སྲིད་གཞུང་དྲ་རྒྱས་དྲ་ཚུགས་ཁག་7དང་མཉམ་འབྲེལ་བྱས་པར་རྒྱུན་མཐུད་དེ“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ངས་འབྲི་ཆོག སྲིད་གཞུང་གི་ལས་དོན་ཆེད་ངས་ཇུས་འདོན”ཞེས་པའི་བྱེད་སྒོ་སྤེལ་རྗེས་ཀྱི་བསྡུ་རུབ་བྱེད་ཐེངས་གཉིས་པ་དེ་ཡིན་པ་རེད།
         ན་ནིང་གི་བསྡུ་རུབ་ཁྲོད། གཙོ་གཉེར་ཚན་པས་དེའི་ནང་ནས་མཚོན་བྱེད་རང་བཞིན་ལྡན་པའི་བསམ་འཆར་ཁག་1426བདམས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་འཆར་ཟིན་འགོད་པའི་ཚོགས་ཆུང་ལ་བསྐྱལ་བས་མཐའ་མཇུག་གི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་བྱས་པའི་ཞིབ་གླེང་ཁག་46དང་དྲ་དམངས་ཀྱི་གྲོས་འགོ་ཧ་ཅང་གིས་མཐུན་པོ་བྱུང་ཡོད།