མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞིས་ཅིན་ཕིང་
གི་གསུང་བཤད་གལ་ཆེན་ལག་བསྟར་བྱས་ནས་གསར་གཏོད་ཀྱི་སྐུལ་འདེད་པ་
དང་ལག་ལེན་པ་ཞིག་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་མཆོང་སྐྱོད་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེར་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། རྒྱ་ཆེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲི་འཁུར་སེམས་དྲག་པོའི་ཐོག་ནས་གསར་གཏོད་ཀྱི་སྐུལ་འདེད་པ་དང་ལག་ལེན་པ་ཞིག་ཧུར་ཐག་བྱས་ཏེ་དམག་སྒར་ནང་གསར་གཏོད་ཀྱི་དར་སྲོལ་ཞིག་ཆགས་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         འགོ་ཁྲིད་ལས་ཁུངས་ནས་གཞི་རིམ་དཔུང་སྡེའི་བར་དང་ཚན་ཞིབ་ཁང་དང་སུའོ་ནས་མཐའ་སྲུང་གི་འཐབ་ས་དང་པོའི་བར་གྱི་རྒྱ་ཆེའི་དཔོན་དམག་ཚོས་བརྙན་འཕྲིན་དང་། ཚགས་པར། དྲ་རྒྱ། རླུང་འཕྲིན་སོགས་བརྒྱུད་འབྲེལ་ཡོད་གསར་འགྱུར་ལྟ་ཉན་བྱས་ནས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གྲོས་བསྡུར་བྱས་ཤིང་། ཚང་མས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་བརྗོད་དོན་གཙོ་བོ་གལ་འགངས་ཆེ་ལ་གཟིགས་རྒྱང་རིང་བ་ཞིག་ཡོད་པས“ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་པའི་འགག་རྩའི་དུས་མཚམས་སུ་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་དམག་དཔུང་འཛུགས་སྐྱོང་སྒྱུར་བཅོས་དང་དམག་དོན་འཐབ་རྩོད་གྲ་སྒྲིག་ཚད་གཞི་མཐོ་པོའི་སྒོ་ནས་འཆར་འགོད་བྱས་ཏེ་འགལ་བ་དང་ཚོད་འཛིན་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་འཐབ་ཇུས་ཀྱི་རང་བཞིན་དང་དམིགས་སའི་རང་བཞིན་དང་ཕུགས་རྒྱང་རིང་བའི་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
         གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཐོག་མ་དེ་ཡིན། དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གྲོས་བསྡུར་བྱེད་སྐབས། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འཛམ་གླིང་དམག་དོན་འགྲན་རྩོད་ཀྱི་འཕེལ་ཕྱོགས་གསལ་པོ་མཁྱེན་པ་མ་ཟད་དམག་དཔུང་འཛུགས་སྐྱོང་ཐད་གསར་གཏོད་ངར་སྐུལ་གྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་ཕྱོགས་ལྔའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ལུགས་བཏོན་གནང་བ་དེ་ནི་གོམ་སྟབས་རྗེས་མར་དམག་དཔུང་སྒྱུར་བཅོས་འཕེལ་རྒྱས་གཏོང་བར་སྤྱི་ཡོངས་འཆར་འགོད་དང་། སྤྱི་ཡོངས་བཀོད་སྒྲིག སྤྱི་ཡོངས་བླང་བྱ་བཅས་བཏོན་གནང་བ་ཞིག་ཡིན་པའི་ངོས་འཛིན་བྱས།
          བསམ་བློ་ནི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། དམག་དོན་ཚན་རིག་ཁང་དང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན་བཅས་ཀྱི་ཏང་ཨུད་དང་དགེ་རྒན་ལས་བཟོ་ཡོངས་ཀྱིས་སློབ་སྦྱོང་དང་གྲོས་བསྡུར་བྱེད་སྐབས། དམག་དོན་ཁྱབ་ཁོངས་ནི་འགྲན་རྩོད་ཆེ་ཤོས་ཀྱི་ཁྱབ་ཁོངས་ཡིན་ལ་གསར་གཏོད་ཀྱི་གསོན་ཤུགས་ཆེ་ཤོས་དང་གསར་གཏོད་ཀྱི་སྙིང་སྟོབས་མཁོ་ཤོས་ཀྱི་ཁྱབ་ཁོངས་ཀྱང་ཡིན་པས་རང་རེའི་དམག་དཔུང་གིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་སྐབས་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འགལ་བ་གསར་པ་བཅས་མང་པོ་ཞིག་འཕྲད་སྲིད་པས་ངེས་པར་དུ་གསར་གཏོད་ཀྱི་བསམ་བློ་དང་གསར་གཏོད་ཀྱི་འདུ་ཤེས་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་བྱས།
          གསར་གཏོད་ངར་སྐུལ་བྱེད་པར་ངེས་པར་དུ་འཐབ་ནུས་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་དགོས། ཤར་རྒྱུད་འཐབ་ཁུལ་དང་། ལྷོ་རྒྱུད་འཐབ་ཁུལ། ནུབ་རྒྱུད་འཐབ་ཁུལ། བྱང་རྒྱུད་འཐབ་ཁུལ། དབུས་རྒྱུད་འཐབ་ཁུལ་བཅས་ཀྱི་དཔོན་དམག་ཚོས་སློབ་སྦྱོང་དང་གྲོས་བསྡུར་བྱེད་སྐབས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་དང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ནས་དམག་དོན་འཐབ་རྩོད་གྲ་སྒྲིག་སྣེ་འདྲེན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དམག་རྒྱག་ཐུབ་པ་དང་རྒྱལ་ཐུབ་པའི་དམག་དཔུང་སྟོབས་ཆེན་གྱི་འགག་རྩ་དམ་པོར་སྲུང་བ། དམག་རྒྱག་པའི་བླང་བྱ་གཞིར་བཟུང་འཛུགས་སྐྲུན་བྱེད་པ་དང་གྲ་སྒྲིག་དམ་འཛིན་བཅས་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་གཙོ་རྒོལ་ཁ་ཕྱོགས་དེ་དམག་དོན་འཐབ་རྩོད་གྲ་སྒྲིག་གི་གཙོ་གནད་དང་དཀའ་གནད་ཐོག་འཇོག་པ་དང་། མཉམ་འབྲེལ་དམག་འཐབ་བཀོད་འདོམས་ཀྱི་ལམ་ལུགས་སྒྱུར་བཅོས་ཐོག་འཇོག་པ། འཐབ་ནུས་འཛུགས་སྐྱོང་ནང་གི་ཉམས་ཞན་ལྷུ་ཚིགས་ཐོག་འཇོག་པ་བཅས་བྱས་ནས་འཐབ་ནུས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་རང་རེའི་དམག་གི་དངོས་འཐབ་ཆུ་ཚད་མཐོ་རུ་བཏང་སྟེ་དཔུང་སྡེ་སྐོང་འཕྲལ་འཛོམས་ཐུབ་པ་དང་། འཛོམས་འཕྲལ་འཐབ་ཐུབ་པ། འཐབ་འཕྲལ་རྒྱལ་ཐུབ་པ་བཅས་བྱེད་དགོས་པའི་ངོས་འཛིན་བྱས།
         ཤེས་ལྡན་མི་སྣ་ནི་གསར་གཏོད་ཀྱི་རྩ་བ་ཡིན། གསར་གཏོད་ངར་སྐུལ་གྱི་སྲོག་ཤིང་ནི་ཤེས་ལྡན་མི་སྣའི་ངར་སྐུལ་ཡིན། མེ་ཤུགས་འཕུར་མདེལ་དམག་དང་། འཐབ་ཇུས་རོགས་སྐྱོབ་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ཀྱིས་སློབ་སྦྱོང་དང་གྲོས་བསྡུར་བྱེད་སྐབས། མཐོ་རིམ་ཤེས་ལྡན་མི་སྣ་འབོར་ཆེན་གང་མགྱོགས་གཅིག་སྒྲིལ་བྱ་རྒྱུ་དེ་རང་རེའི་དམག་དཔུང་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་སྐབས་འཕྲལ་དུ་བསྒྲུབ་དགོས་པའི་ལས་ཀ་ཞིག་ཡིན། མིག་སྔར“ཕྱོགས་གསུམ་གཞི་གཅིག”གི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་གསར་པ་གང་མགྱོགས་འཛུགས་པ་དང་འཇོན་ཐང་དང་བྱང་ཚད་ཀྱི“རིམ་སྤོར་རྣམ་པ”བཏོད་དེ་བྱང་ཚད་མཐོ་ལ་གསར་གཏོད་རྣམ་པའི་དམག་དོན་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས།
         དམག་དཔུང་གིས་དམག་རྒྱག་ཐུབ་མིན་དང་རྒྱལ་ཐུབ་མིན་ཐད་ཚན་རིག་དང་མཐུན་པའི་དོ་དམ་བྱེད་པ་དེས་འགག་རྩའི་ནུས་པ་ཐོན་བཞིན་ཡོད། དམག་ཁུལ་ཁང་ཁག་གི་རྗེས་མཇུག་ལས་དོན་གཞུང་ལས་ཁང་གི་དཔོན་དམག་ཚོས་སློབ་སྦྱོང་དང་གྲོས་བསྡུར་བྱེད་སྐབས། འདི་ལོ་ནི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བའི་ལོ་ཡིན་ལ་དཔུང་སྡེ་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་དམག་དོན་འཐབ་རྩོད་གྲ་སྒྲིག་ལམ་ལུགས་གསར་པ་དང་འཚམ་མཐུན་བྱེད་པ་དང་འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་པའི་ལོའང་ཡིན་པས་ངེས་པར་དུ་དོ་དམ་གྱི་འདུ་ཤེས་གསར་བརྗེ་བྱེད་པ་དང་། དོ་དམ་གྱི་མ་ལག་འཐུས་ཚང་དུ་གཏོང་བ། དོ་དམ་གྱི་འགྲོ་ལུགས་ལེགས་སུ་གཏོང་བ་བཅས་བྱས་ཏེ་གྲོན་ཆུང་ནུས་ཆེའི་སྒོ་ནས་འཕེལ་རྒྱས་གཏོང་ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།