མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་ནི་རྒྱལ་ཁབ་གཉིས་པོའི་འཐབ་
ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་
འདེད་གཏོང་རྒྱུའི་གཏན་འཁེལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་ནི་རྒྱལ་ཁབ་གཉིས་པོའི་འཐབ་
ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་
འདེད་གཏོང་རྒྱུའི་གཏན་འཁེལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནི་ཀྲེ་རི་ཡའི་ཙུང་ཐུང་པུའུ་ཧ་ལི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་ནི་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་རྒྱུའི་གཏན་འཁེལ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ནི་རྒྱལ་ཁབ་གཉིས་པོས་དཀའ་ཚེགས་ཆེ་བའི་འཕེལ་རྒྱས་ཀྱི་ལས་འགན་ཕྲག་ཐོག་ཏུ་ཁུར་ཡོད། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཐད་མཐུན་ཆ་མང་བ་དང་། དཔལ་འབྱོར་ཐད་གསབ་རེས་རང་བཞིན་ཆེ་བ། མཉམ་ལས་ཀྱི་མི་མངོན་པའི་ནུས་ཤུགས་ཆེ་བ་བཅས་ཡོད་པས་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་ཐབས་བྱེད་དགོས། ཕྱོགས་གཉིས་པོས་མཐོ་རིམ་མི་སྣའི་དབར་འགྲོ་འོང་བྱེད་ཚུལ་བཟང་པོ་རྒྱུན་འཁྱོངས་ཀྱིས་ཁྱབ་ཁོངས་ཁག་ཏུ་མཛའ་གྲོགས་འགྲོ་འོང་བྱེད་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཐོག་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡ་ཕྱོགས་དང་མཉམ་དུ་ཞིང་ལས་ཉ་ལས་དང་། རྡོ་སྣུམ་བཙོ་སྦྱངས་། གཏེར་ལས་གསར་སྤེལ། འཕྲུལ་གློག ཡང་བའི་བཟོ་ལས། འཁེལ་འཐག ལས་སྣོན་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་ནང་གཉིས་ཁེ་མཉམ་ལས་བྱས་ཏེ་མཉམ་ལས་གཉིས་ཁེ་ཡོང་བ་དང་ཐུན་མོང་ཐོག་འཕེལ་རྒྱས་ཐུབ་པ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་གཞན་གྱི་སྔོན་དུ་ནི་ཀྲེ་རི་ཡའི་ཕྱོགས་ལ་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་དང་། ཤེས་ལྡན་མི་སྣ་མི་འདང་བ། མ་དངུལ་ཁ་ཐང་བ་བཅས་གསུམ་གྱིས་ནི་ཀྲེ་རི་ཡའི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གནད་དོན་སེལ་རོགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡའི་ཕྱོགས་དང་མཉམ་དུ་རིག་གནས་དང་། སློབ་གསོ། སྨྱན་སྦྱོར། གཞོན་ནུ། བུད་མེད་སོགས་ཀྱི་ཁྱབ་ཁོངས་ནང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་འདོད་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ནེ་ཀྲེ་རི་ཡ་ཕྱོགས་དང་མཉམ་དུ་ཨ་ཧྥེ་རི་ཁའི་ཞི་བདེ་དང་། བདེ་འཇགས་དང་། གནམ་གཤིས་འགྱུར་ལྡོག 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་རོགས་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         པུའུ་ཧ་ལིས་ནི་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45སོང་ཚུན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ནི་ཀྲེ་རི་ཡའི་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་མི་རྣམས་ཡིད་སྨོན་སྐྱེ་དགོས་པ་ཞིག་ཡོད་པ་དང་། ན་ནིང་གི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་ཡི་དབུ་ཚོགས་ཀྱིས་དུས་བབ་གསར་པའི་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ལ་ནི་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་མི་མངོན་པའི་ནུས་ཤུགས་དེ་བས་ཆེ་བ་སྤྲད་ཡོད། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་བཞག་པའི་གྲོས་མཐུན་དོན་འཁྱོལ་ཧུར་ཐག་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞིང་ལས་དང་། གཏེར་ལས། རྨང་གཞིའི་སྒྲིག་བཀོད། ནུས་ཤུགས་ཐོན་ཁུངས་སོགས་ཀྱི་ཁྱབ་ཁོངས་སུ་གཉིས་ཁེ་མཉམ་ལས་བྱས་ནས་ནི་ཀྲེ་རི་ཡའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་ཡོང་ཕྱིར་རོགས་སྐྱོར་བྱ་རྒྱུ་ཡིན། ནི་ཀྲེ་རི་ཡའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་བྱ་བའི་ཁྲོད་མཉམ་ལས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
        གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ནུས། མ་འཇོག མཁའ་འགྲུལ། ཚན་རྩལ། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།