མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་སྡེ་ཚན་གྱིས་ཁྲིམས་འགལ་མ་དངུལ་བསྡུ་རུབ་བྱེད་རིང་འཕེལ་རྒྱས་སྲིད་ཇུས་ལ་
ཁ་གཡར་ནས་མ་འཇོག་རྣམ་གྲངས་རྫུན་བཟོ་བྱེད་རིགས་ལ་དོགས་
ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁྲིམས་འགལ་མ་དངུལ་བསྡུ་རུབ་བྱེད་སྤྱོད་ལ་ཆད་གཅོད་ཀྱི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུས་སྐོང་ཚོགས་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་བདེ་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་མ་འཇོག་བྱེད་མཁན་ལ་ཁྲིམས་འགལ་མ་དངུལ་བསྡུ་རུབ་ཉེས་གསོག་བྱེད་སྒོས་རྟག་ཏུ་རྒྱལ་ཁབ་དང་། ས་ཁོངས་སམ་ཡང་ན་ལས་རིགས། དངུལ་རྩ་འཕེལ་རྒྱས་བཅས་ཀྱི་སྲིད་ཇུས་ལ་ཁ་གཡར་ཏེ“མ་འཇོག་རྣམ་གྲངས”དང“ནོར་འཕེལ་ཐོན་རྫས”རྫུན་བཟོ་བྱེད་པ་དང་། མ་འཇོག་མདུན་ལམ་རྫུན་བཟོ་བྱེད་པ། སྐྱེད་ཀ་མཐོ་པོ་སྤྲོད་རྒྱུ་ཁས་ལེན་གྱིས་མགོ་སྐོར་གཏོང་བ་བཅས་ཀྱི་ཐོག་ནས་ཁྲིམས་འགལ་མ་དངུལ་བསྡུ་རུབ་བྱེད་ཀྱི་ཡོད་ཅེས་དྲན་སྐུལ་བྱས་པ་དང་འབྲེལ་ལྷག་པར་དུ་མ་འཇོག་བྱེད་མཁན་ལ་གཤམ་གསལ་གྱི་གནས་ཚུལ་ལ་དོགས་ཟོན་ཆེར་བསྐྱེད་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་སྟེ།
          ས་ཁོངས་ཕྱིའི་ཀུང་སིའི་མིང་ཐོག་ནས་ས་ཁོངས་ཕྱིར་ནོར་འཕེལ་དང་། གསེར། དུས་བཅད་ཚོང་ཟོག་སོགས་རྣམ་གྲངས་ལ་མ་འཇོག་བྱ་རྒྱུ་ཡིན་ཞེས་དང་ད་དུང་ཁག་གཅིག་གིས་དཔེར་ན་ས་ཁོངས་ཕྱི་སྟེ། ཤང་ཀང་དང་། ཨའོ་མོན། ཐའེ་དབན། ཨེ་ཤེ་ཡའི་ཤར་ལྷོའི་རྒྱལ་ཁབ་བཅས་ཀྱི་མཐོ་རིམ་ཨར་ཁང་དུ“མ་འཇོག”གི་འོས་སྦྱོར་ཚོགས་འདུ་འཚོག་རྒྱུ་ཡིན་ཞེས་དྲིལ་བསྒྲགས་རྫུས་མ་བྱས་པ་དང་།
           དངུལ་ལེན་ཐོ་ཁོངས་དེ་ཕྱི་རྒྱལ་བའི་མིང་ཐོག་ནས་ས་ཁོངས་ནང་ཁུལ་དུ་བཙུགས་པའི་ཐོ་ཁོངས་ཡིན་པ་དང་དེ་མ་འཇོག་བྱེད་མཁན་གྱི་མ་འཇོག་དངུལ་ལེན་པར་སྤྱད་པ།
          ཀུང་སིའི་དྲ་ཚིགས་ཐོ་འགོད་བྱེད་ས་དང་ཞབས་ཞུའི་འཕྲུལ་ཆས་གནས་ཡུལ་དེ་ས་ཁོངས་ཕྱིའམ་ཡང་ན་ཀུང་སིའི་མཐོ་རིམ་དོ་དམ་པ་སྟེ་ཕྱི་རྒྱལ་བ་ཡིན་ཞེས་དྲིལ་བསྒྲགས་རྫུས་མ་བྱས་པ།
         དྲ་རྒྱའི་རྟོག་བཟོའི་དངུལ་ལོར་འཛའ་ཐང་འཕར་དང་། ལག་ཡོད་ཚོང་ཟོག་ཉོ་ཚོང་། མ་དངུལ་མཉམ་རོགས། གསེར། རྩ་ཆེའི་ལྕགས་རིགས། དུས་བཅད་ཚོང་ཟོག ཕྱི་དངུལ་ཉོ་ཚོང་སོགས་ལ་ཁ་གཡར་ནས་མ་འཇོག་བྱེད་མཁན་ལ་མ་འཇོག་བྱ་རྒྱུའི་བསླུ་བྲིད་བྱས་པ་དང་། ལྷག་པར་དུ་གཞན་ལ་ངོ་སྤྲོད་བྱས་ནས་འཕེལ་རྒྱས་བཏང་ན་ཐོབ་ཆ་ཁ་སྣོན་སྤྲོད་རྒྱུའི་ལྕག་སྐུལ་བྱས་པ།
         དྲ་ཚིགས་ཀྱི་མིང་དང་མ་འཇོག་གི་རྣམ་གྲངས་ཡང་ཡང་བསྒྱུར་བ།
         ཀུང་སིའི་དྲ་ཚིགས་དངོས་སུ་ཐོ་འགོད་བྱས་མེད་པ།
         མི་སྒེར་གྱི་ཐོ་ཁོངས་སམ་ཡང་ན་དངུལ་སྨར་ཐོག་ནས་མ་དངུལ་བླངས་པ་དང་། ས་གནས་ས་ཐོག་གམ་ཡང་ན་དུས་ཐོག་ཏུ་མ་གནས་སྤྲོད་པའི་དུས་དེ་རང་དུ་ཆ་བགོས་དང་། ཁེ་སྤོགས། སྐྱེད་ཀ་བཅས་ཁག་གཅིག་སྤྲོད་པ།
          ཁེ་སྤོགས་ཧ་ཅང་མང་པོ་ཡོང་རྒྱུའི་ཁས་ལེན་བྱས་པ་དང་ལྷག་པར་དུ“འགུལ་མེད་ཀྱི་རྣམ་པ”དང“འགུལ་རྣམ”གྱི་ཁེ་ཕན་ཐོབ་རྒྱུའི་ཁས་ལེན་བྱས་པ།
          ཀུང་སིས་ཐོ་འགོད་བྱས་པའི་གཉེར་སྐྱོང་ཁྱབ་ཁོངས་ལས་མངོན་གསལ་དོད་པོས་བརྒལ་བ་དང་ལྷག་པར་དུ་དངུལ་རྩའི་ལས་སྒོ་གཉེར་བའི་འོས་བབ་མེད་པ།
          ཁྲོམ་གཞུང་དང་། སྒོ་རྩིས་ཚོང་ཁང་། ཚོང་ཁང་སོགས་མི་ཚོགས་ཆེ་ས་དང་། འདུ་འཛོམས་བྱེད་སར་ཁྲོམ་བཀྱག་དང་ས་ཚིགས་བཙུགས་ཏེ“ནོར་འཕེལ་ཐོན་རྫས”ཀྱི་བརྡ་ཡིག་སྤྲད་པ་དང་ལྷག་པར་དུ་དར་མ་དང་རྒན་རྒོན་དག་བློ་འགུག་ཡུལ་གཙོ་བོར་བྱས་པ་སོགས་རེད།