མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་དམའ་རིམ་སློབ་འབྲིང་དགེ་རྒན་གྱིས་སློབ་མའི་འདོད་མོས་རེའུ་མིག་འབྲི་
བར་ཐེ་ཇུས་དང་སློབ་མའི་ཚབ་བྱ་རྒྱུ་ནན་འགོག་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་མཉམ་དུ་པར་འགྲེམས་བྱས་པའི་《2016ལོའི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི་》ནང་དམའ་རིམ་སློབ་འབྲིང་དགེ་རྒན་གྱིས་སློབ་མའི་འདོད་མོས་རེའུ་མིག་ལ་འགོད་པར་ཐེ་ཇུས་བྱེད་པའམ་ཡང་ན་སློབ་མའི་ཚབ་བྱ་རྒྱུ་ནན་འགོག་བྱེད་དགོས་ཞེས་བསྟན་པ་རེད།
          བརྡ་ཐོའི་ནང་སློབ་བསྡུའི་བརྒྱུད་རིམ་ཁྲོད་ས་ཁོངས་དབར་དང་སློབ་གྲྭའི་དབར་སློབ་ཁུངས་བཀག་སྡོམ་བྱེད་པ་དང་ས་གནས་སྲུང་སྐྱོབ་ནན་འགོག་བྱེད་པ་དང་། དམའ་རིམ་སློབ་འབྲིང་དགེ་རྒན་གྱིས་སློབ་མའི་འདོད་མོས་རེའུ་མིག་འགོད་པར་ཐེ་ཇུས་བྱེད་པའམ་ཡང་ན་སློབ་མའི་ཚབ་བྱ་རྒྱུ་ནན་འགོག་བྱེད་པ། དམའ་རིམ་སློབ་འབྲིང་སློབ་གྲྭའམ་ཡང་ན་དགེ་རྒན་གྱིས་སློབ་བསྡུའི་བརྒྱུད་རིམ་ཁྲོད་ཁ་གང་རུང་ལ་གཡར་ནས་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་འགྲོ་གྲོན་ནམ་ཡང་ན་དངོས་པོ་ལེན་རྒྱུ་ནན་འགོག་བྱེད་པ། སློབ་བསྡུའི་སློབ་མར་དྲང་བདེན་མིན་པའི་དྲིལ་བསྒྲགས་དང་མགོ་སྐོར་བསླུ་བྲིད་དང་ལམ་ནོར་དུ་འཁྲིད་པའི་བྱེད་སྤྱོད་ནན་འགོག་བྱེད་པ། གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མས་འཆར་གཞི་དང་གཏན་འབེབས་ལས་འགལ་ཏེ་ས་ཁོངས་བརྒལ་ནས་དམངས་བཙུགས་སློབ་གྲྭའི་མིང་ཐོག་ནས་སློབ་བསྡུ་བྱེད་རིགས་ནན་འགོག་བྱ་རྒྱུ་བཅས་བསྟན་པ་རེད།
         བརྡ་ཐོའི་ནང་ས་གནས་ཁག་གི་སློབ་གསོ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭ་ཁག་གི་སློབ་གཉེར་གྱི་གཞི་རྩའི་ཆ་རྐྱེན་དང་། སློབ་བསྡུའི་ཆེད་ལས་སོགས་གཞི་རྩའི་གནས་ཚུལ་ལ་དམ་འཛིན་ནན་པོ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གཉེར་གཞི་ཁྱོན་དང་ལོ་འཁོར་གྱི་སློབ་བསྡུའི་མི་གྲངས་ཞིབ་བཤེར་གཏན་འཁེལ་བྱས་ཏེ་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལྡན་པ་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས། སྒྲིག་འགལ་སློབ་བསྡུ་དང་། སློབ་གཉེར་སྒྲིག་ལམ་ཟང་ཟིང་། སློབ་གྲོན་ལ་རོགས་སྐྱོར་དང་རྩ་ཆག་གཏོང་བའི་ལས་དོན་ཁྲོད་གནད་དོན་ཚབས་ཆེན་ལྷག་པའི་སློབ་གྲྭར་གནས་ཚུལ་ཆེ་ཆུང་ལ་གཞིགས་ནས་སློབ་བསྡུ་ཚོད་འཛིན་ནམ་ཡང་ན་སློབ་མ་བསྡུ་མཚམས་འཇོག་བྱེད་དགོས། རིམ་ཁག་སློབ་གསོ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སློབ་མ་མ་བསྡུས་གོང་སློབ་རྒྱུས་ཀྱི་སློབ་གསོའི་འོས་བབ་ལྡན་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་མིང་ཐོ་སོ་སོར་སྤྱི་བསྒྲགས་བྱ་རྒྱུ་དང་སྤྱི་བསྒྲགས་བྱས་མེད་པའི་སློབ་གྲྭས་སློབ་མ་བསྡུ་ཆོག་གི་མེད། གཙོ་གཉེར་སྡེ་ཚན་གྱིས་མོས་མཐུན་མ་བྱུང་བར་འབྲིང་རིམ་ལས་རིགས་སློབ་གྲྭས་ཁ་གང་རུང་ལ་གཡར་ནས་ས་གནས་གཞན་དུ་ཡན་ལག་སློབ་གྲྭ་དང་སློབ་གཉེར་ས་ཚིགས་འཛུགས་མི་ཆོག ས་གནས་ཁག་གི་སློབ་གསོ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་བསྡུའི་ལྟ་སྐུལ་དོ་དམ་དང་ཐེར་འདོན་གོང་ཞུའི་ཁ་པར་འཛུགས་དགོས་པ་མ་ཟད་ས་གནས་དེ་རང་གི་སྨྱན་སྦྱོར་གཙོ་བོ་དང་སྡེ་ཚན་དེ་རང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
         བརྡ་ཐོའི་ནང་ཤར་ནུབ་རྒྱུད་ཀྱི་ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཤར་རྒྱུད་ས་ཁུལ་གྱིས་ལས་རིགས་སློབ་གསོ་ཚོགས་པ་དང་། རྒྱལ་ཁབ་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་དཔེ་སྟོན་སློབ་གྲྭའི་ཕུལ་བྱུང་གི་སློབ་གསོའི་ཐོན་ཁུངས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་གྲྭར་དབུས་ནུབ་རྒྱུད་ཀྱི་ས་ཁུལ་ལ་ཕྱོགས་པའི་ཞིང་ཆེན་ལས་སྒྲོལ་བའི་སློབ་བསྡུའི་འཆར་འགོད་མང་དུ་གཏོང་རྒྱུར་སྐུལ་མ་བཏང་ནས་དབུས་ནུབ་རྒྱུད་ཀྱི་་གྲོང་གསེབ་ས་ཁུལ་དང་། མི་རིགས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་སློབ་མར་སྤུས་ཚད་མཐོ་བའི་ལས་རིགས་སློབ་གསོ་དེ་བས་མང་བ་ཐོབ་པའི་གོ་སྐབས་སྐྲུན་དགོས། ས་གནས་ཁག་གི་སློབ་གསོ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དབུལ་སྐྱོར་གསར་སྤེལ་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལ་ལས་རིགས་སློབ་གསོ་ཐོབ་པ་བྱ་རྒྱུ་དེ་ལས་ཀའི་འཆར་འགོད་ནང་བཅུག་ནས་ཆེད་དོན་སློབ་བསྡུའི་འཆར་འགོད་བཀོད་སྒྲིག་བྱེད་པ་མ་ཟད་སློབ་གྲྭར་དོན་འཁྱོལ་ཡོང་བ་ཡང་བྱེད་དགོས་པའི་ནན་བཤད་བྱས་པ་རེད།