མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་
ལེགས་སུ་བཏང་ནས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གོང་འཕེལ་གྱི་ལམ་
བུ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་27ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་
ལེགས་སུ་བཏང་ནས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གོང་འཕེལ་གྱི་ལམ་
བུ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་བྱང་ཤར་ས་ཁུལ་སོགས་ཀྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། བཟོ་ལས་ཀྱི་རྟེན་གཞི་རྙིང་པས་གོ་སྐབས་དམ་འཛིན་དང་འབད་འབུངས་ལྷོད་མེད་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ། དགེ་སྤེལ་སྐྱོན་སྤང་བཅས་བྱས་ཏེ་དུས་བབ་གསར་པའི་འོག་གི་བཟོ་ལས་ཀྱི་རྟེན་གཞི་རྙིང་པ་དར་རྒྱས་གོང་འཕེལ་འགྲོ་བའི་ལམ་བུ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
         ཟླ་5ཚེས་23ནས་ཚེས་25ཉིན་བར་ཞིས་ཅིན་ཕིང་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཤན་ཁུའེ་དང་ཧྲེང་ཀྲང་ལུའུ་ཧའོ་ཡི་ཕེབས་རོགས་འོག་དབྱི་ཁྲུན་གྲོང་ཁྱེར་དང་། ཧྥུའུ་ཡོན་གྲོང་ཁྱེར། ཅ་མུའུ་སི་གྲོང་ཁྱེར། ཧའར་པིན་གྲོང་ཁྱེར་སོགས་ཀྱི་གྲོང་གསེབ་དང་། ཁེ་ལས། ནགས་ར། ཚན་ཞིབ་ཚན་པ་བཅས་སུ་ཕེབས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ལག་བསྟར་དོན་འཁྱོལ་བྱེད་པ་དང་བྱང་ཤར་ས་ཁུལ་སོགས་ཀྱི་བཟོ་ལས་རྟེན་གཞི་རྙིང་པའི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཚུལ་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད།
         ཧེ་ལུང་ཅང་ནི་རྒྱལ་ཡོངས་ཀྱི་གཙོ་གནད་ནགས་ཁུལ་ཡིན་ཞིང་། ནགས་ཁུལ་གྱི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ལས་དོན་ཇི་འདྲ་ཡོད་མེད་དང་། ནགས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་ཇི་འདྲ་ཡོད་མེད། ནགས་ཁུལ་གྱི་ལས་བཟོའི་འཚོ་བ་ཇི་འདྲ་ཡོད་མེད་བཅས་ནི་ཞིས་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཕྲལ་གནང་ས་ཞིག་ཡིན། ཚེས་23ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་དབྱི་ཁྲུན་དུ་ཕེབས་མ་ཐག་གྲོང་ཁྱེར་འདི་གའི་སྣོད་བཅུད་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཆར་འགོད་འགྲེམས་སྟོན་ཁང་དུ་ཕེབས་ནས་གསར་སྤེལ་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་སྐོར་གྱི་ངོ་སྤྲོད་གསན་པ་དང་ནགས་ཁུལ་གྱིས་ཕྱོགས་ཡོངས་ནས་ཤིང་གཅོད་མཚམས་བཞག་རྗེས་ཐོན་ལས་མཇུག་མཐུད་དང་འཕེལ་རྒྱས་འགྲོ་ཚུལ་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་འབྲེལ་གསོམ་ཤིང་དམར་པོ་དང་། མོག་རོ། ལན་མའེ་ཨ་རག སྡོང་རྩ་བརྐོས་བརྙན་སོགས་སྣོད་བཅུད་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་མ་ཟད། འབྲེལ་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ནགས་རའི་ལས་བཟོའི་ལས་ཞུགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཞིས་ཅིན་ཕིང་གིས་དེ་སྔ་ནགས་རས་རྒྱལ་ཁབ་འཛུགས་སྐྲུན་ཐད་ཤིང་ཆ་མཁོ་འདོན་བྱས་ཏེ་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་ཡོད། ད་ཆ་ནགས་ཁུལ་གྱིས་ཕྱོགས་ཡོངས་ནས་ཤིང་གཅོད་མཚམས་བཞག་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པ་དེ་ནི་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དོན་སྙིང་ནི་འཐབ་ཇུས་རང་བཞིན་ཞིག་ཡིན། ནགས་ཁུལ་གྱི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་གཏོང་བ་དེ་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས་བསམ་ཕྱོགས་ཟབ་ཏུ་གཏོང་བ་དང་བྱ་ཐབས་སྣ་མང་མཉམ་དུ་སྤྱོད་དགོས་ཞེས་གསུངས་པ་རེད།
         ཚེས་23ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་ཧྲང་ཀན་ལིན་ནགས་ལས་ཅུས་ཤིས་ཧྲུའེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་ཕེབས་ནས་གཟིགས་ཞིབ་གནང་ཞིང་། ཁོང་གིས་ལམ་རྒྱུད་དུ་ཡོད་པའི་གདོད་མའི་གསོམ་ཤིང་དམར་པོའི་ནགས་ཚལ་སོགས་རྩ་ཆེའི་ལྗོན་ཤིང་ལ་གཟིགས་པ་དང་འབྲེལ་ནགས་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ངོ་སྤྲོད་གསན་ནས་ནགས་རའི་ལས་དོན་པར་ངེས་པར་དུ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད། དེ་རྗེས་ཞིས་ཅིན་ཕིང་གིས་ནགས་རའི་ལས་བཟོར་གཟིགས་པ་དང་ལིའུ་དབྱང་ཧྲུན་གྱི་ཁྱིམ་དུ་ཕེབས་ནས་སྡོད་ཁང་ལ་གཟིགས་པ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་ནས་ནང་མི་དང་མཉམ་དུ་ནགས་རའི་འཕེལ་རྒྱས་ཀྱི་སྐོར་དང་ཡོང་འབབ་གང་འདྲ་ཡོད་མེད་བཀའ་མོལ་གནང་བ་རེད། ཁོང་གིས་ནགས་རའི་ལས་བཟོའི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་མཐོང་སྐབས་དགའ་པོ་འདུག་ལ། བློ་ཡང་བདེ་སོང་། ནགས་ཁུལ་དཔལ་འབྱོར་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ཐད་གནས་སྐབས་དཀའ་ངལ་ཁ་ཤས་འཕྲད་ཀྱང་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་བྱེད་ངེས་ཡིན་ལ། ཚང་མའི་འཚོ་བ་དེ་བས་ལེགས་སུ་འགྲོ་རྒྱུ་དང་ཚང་མས་རང་སྟོབས་རང་སྤེལ་བྱས་ནས་ཕྱུག་འགྱུར་གྱི་ཐབས་ལམ་མང་ཙམ་འཚོལ་དགོས་ཞེས་གསུངས་པ་རེད། ཞལ་གྱེས་སྐབས་ནགས་རའི་ལས་བཟོ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཞིས་ཅིན་ཕིང་གིས་ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
         དེ་རྗེས་ཞིས་ཅིན་ཕིང་སླར་ཡང་རླངས་འཁོར་ནང་བཞུགས་ནས་མཛའ་གྲོགས་ནགས་ལས་ཅུས་ཀྱི་མུའུ་ཁྲི་ཡི་ལན་མའེ་ཐོན་ལས་གླིང་དུ་ཕེབས་པ་དང་ཐོན་ལས་གླིང་གི་འཆར་འགོད་འཛུགས་སྐྲུན་དང་ཐོན་སྐྱེད་གཉེར་སྐྱོང་སྐོར་གྱི་ངོ་སྤྲོད་གསན་པ་དང་ལན་མའེ་དང་དེ་བཞིན་འབྲེལ་ཡོད་ལས་སྣོན་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་མ་ཟད། ལན་མའེ་འདེབས་འཛུགས་དྲོད་ཁང་གི་ལག་རྩལ་མི་སྣ་དང་སྤེལ་རེས་ཀྱང་གནང་བ་རེད། ཞིས་ཅིན་ཕིང་གིས་ཁེ་ལས་ཀྱིས་ཡུལ་བབ་དང་བསྟུན་ནས་ལན་མའེ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལས་སྣོན་ཞིབ་ཚགས་བྱས་ཏེ་ཐོན་ལས་ཀྱི་ཟུར་བསྣན་རིན་ཐང་འཕར་བ། ནགས་རའི་ལས་བཟོར་ལས་ཀ་སྤྲོད་པ་བཅས་ཀྱི་བྱེད་ཐབས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཡང་འབད་བསྐྱར་འབད་བྱེད་དགོས་ཞེས་སྐུལ་ལྕག་ཀྱང་གནང་བ་རེད། ཞིས་ཅིན་ཕིང་གིས་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་སྐབས་ངེས་པར་དུ་ཁྲོམ་རར་ཞིབ་འཇུག་བྱ་རྒྱུར་དོ་སྣང་བྱེད་པ་དང་སྣ་མང་གཉེར་སྐྱོང་མངོན་གསལ་དུ་བཞག་སྟེ་འུར་ཐེངས་གཅིག་ལ་བྱེད་པ་དང་ཐོན་སྐྱེད་དང་གཉེར་སྐྱོང་དོ་སྙོམས་མེད་པའི་གནས་ཚུལ་མ་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཚེས་24ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་གྲོང་ཁྱེར་འདི་གའི་ཅིའུ་ཁྲེང་ཆུ་འབྲས་འདེབས་འཛུགས་མཉམ་ལས་ཁང་དུ་ཕེབས་ནས་འཕྲུལ་འཁོར་གྱིས་ལྗང་པ་འཛུགས་ཚུལ་ལ་གཟིགས་པ་དང་མཉམ་ལས་ཁང་གི་རིག་ནུས་བྱེད་ཐབས་ཐོག་ནས་ལྗང་པ་མགྱོགས་མྱུར་སྐྱེ་སྟངས་སོགས་ཀྱི་ལག་རྩལ་བརྒྱུད་རིམ་མཁྱེན་རྟོགས་གནང་བ་དང་འབྲེལ་ཞིང་པ་དང་ལག་རྩལ་པའི་ས་ནས་ཆུ་འབྲས་ཀྱི་སྔོན་ཐོན་འདེབས་འཛུགས་བྱེད་ཐབས་དང་ཚན་རིག་དང་མཐུན་པའི་ཞིང་ནང་དོ་དམ་ཉམས་མྱོང་བཀའ་འདྲི་གནང་བ་མ་ཟད། སྤྲོ་སྣང་ཆེན་པོས་ལྗང་འཛུགས་འཕྲུལ་འཁོར་ཐོག་འཛེགས་ནས་འཕྲུལ་འཁོར་བཀོལ་སྤྱོད་བྱེད་སྟངས་ཉམས་ལེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་པར་བརྟེན་འབྲུ་རིགས་ཐོན་སྐྱེད་གཉེར་སྐྱོང་བྱེད་ཐབས་གསར་གཏོད་དང་། ཐོན་སྐྱེད་ལག་རྩལ་བྱེད་ཐབས་བཟང་སྒྲིག རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ། ཞིང་པའི་འབྲུ་འདེབས་ཧུར་བརྩོན་རང་བཞིན་སྲུང་སྐྱོང་བཅས་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཚེས་24ཉིན་གྱི་ཕྱི་དྲོ། ཞིས་ཅིན་ཕིང་ཆར་སིམ་ཁྲོད་ཐུང་ཅང་གྲོང་ཁྱེར་པཱ་ཁྲ་ཧོ་ཀྲེ་རིགས་ཤང་པཱ་ཁྲ་གྲོང་ཚོར་བསྐྱོད་དེ་གྲོང་ཚོའི་བྱེད་སྒོ་ལྟེ་གནས་སུ་ཕེབས་ནས་གྲོང་ཚོའི་འཛུགས་སྐྲུན་དང་ལས་དོན་སྐོར་གྱི་ངོ་སྤྲོད་གསན་པ་དང་འབྲེལ་2013ལོའི་ཟླ་བ་བརྒྱད་པར་གྲོང་ཚོ་དེར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་རྗེས་ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་གནས་ཚུལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་བ་རེད།
         དེ་རྗེས་ཞིས་ཅིན་ཕིང་ཧོ་ཀྲེ་རིགས་ཀྱི་གྲོང་མི་ཡུས་ཀུའེ་ལན་གྱི་ཁྱིམ་དུ་ཕེབས་ཤིང་། ཁྱིམ་དུ་རྨོ་ཞིང་མུའུ་150དང་ཉ་གྲུ་གཅིག་ཡོད་པ་མཁྱེན་པ་དང་ཉ་འཛིན་དང་ནང་བཤུག་ས་ཞིང་སོགས་ནས་ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་བརྒྱད་ཙམ་རག་གི་ཡོད་པ་མཁྱེན་སྐབས། ཞིས་ཅིན་ཕིང་ཐུགས་མགུ་པོ་བྱུང་བ་རེད། ལོ་བརྒྱད་ཅུར་སླེབས་པའི་ཡུས་ཀུའེ་ལན་གྱིས་དེ་སྔ་པེ་ཅིང་ཀྲུང་ནན་ཧའེ་རུ་ཀྲུའུ་ཞི་མའོ་ཙེ་ཏུང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་མཇལ་འཕྲད་ཐོབ་མྱོང་བའི་པར་ཞིག་སྤྱི་ཁྱབ་ཧྲུའུ་ཅིར་སྤྱན་འབུལ་ཞུས་པ་དང་ཞིས་ཅིན་ཕིང་གིས་ཁྱེད་ནི་སྔོན་ཐོན་པ་རྒན་གྲས་ཤིག་རེད་ཅེས་བསྔགས་བརྗོད་གནང་བ་རེད། ཞིས་ཅིན་ཕིང་གིས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མི་རིགས་56ཚང་མ་ནི་སྤུན་ཟླ་ལྟ་བུ་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་ནང་མི་རིགས་གཅིག་ཀྱང་ལུས་མི་རུང་། མི་རིགས་ཁག་གི་མི་དམངས་ཚོས་ཀུན་སེམས་གཅིག་སྒྲིལ་དང་འབད་འཐབ་ལྷོད་མེད་བྱས་ཚེ། ཀྲུང་ཧྭ་མི་རིགས་དེ་བས་དར་རྒྱས་གོང་འཕེལ་ཡོང་ངེས་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་འབྱོར་ཕྱུག་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་ཞེས་གསུངས་པ་རེད།
          རྟོག་ཞིབ་གནང་སྐབས་ཞིས་ཅིན་ཕིང་གིས་ཧེ་ལུང་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་མ་ཟད། ཧེ་ལུང་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས་ཧེ་ལུང་ཅང་གིས་སྔར་བས་བསམ་བློར་བཅིངས་འགྲོལ་དང་། དངོས་འཛིན་དངོས་སྒྲུབ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གོང་འཕེལ་ཡོང་བའི་ཁྲོད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས་པའི་རེ་བ་བཏོན་གནང་བ་རེད།
          ཞིས་ཅིན་ཕིང་གིས་མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པའི་འགག་རྩར་གནས་པ་དེ་དཀའ་ཚེགས་འགག་སྒྲོལ་གྱི་དུས་ཤིག་ཡིན་ལ། མདུན་ལམ་ཆེན་པོ་ལྡན་པའི་དུས་ཤིག་ཀྱང་ཡིན། བློ་སེམས་གཅིག་ཏུ་སྒྲིལ་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ཚེ། རང་རྒྱལ་གྱི་ཐོན་ལས་གྲུབ་ཆའི་རིམ་པར་གཞི་ནས་མཆོང་སྐྱོད་ཆེན་པོ་ཞིག་ཡོང་ཐུབ་པ་མ་ཟད། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཐད་མཆོང་སྐྱོད་ཆེན་པོ་ཞིག་ཡོང་ཐུབ། གལ་ཏེ་སྲིད་ཇུས་དོན་འཁྱོལ་མི་བྱེད་པ་དང་ལས་དོན་ཐད་འབད་བརྩོན་མ་བྱས་ཚེ། གོ་སྐབས་ཤོར་སྲིད། འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་ནི་འབད་འབུངས་བྱས་ནས་སྒྲུབ་ཐུབ་པ་ཞིག་ཡིན་པ་ལས། སྒུག་ནས་བྱུང་བ་ཞིག་མིན། སྲིད་ཇུས་བྱ་སྤྱོད་ཐོག་འཁྱོལ་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཧེ་ལུང་ཅང་ནི་ཞིང་ལས་ཞིང་ཆེན་དང་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཡིན་པས། དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་བསྐྲུན་རྒྱུར་སྤྱི་འདོམས་ཐོག་དམ་འཛིན་ཡག་པོ་དང་ཡུལ་བབ་དང་བསྟུན་ནས་རྣམ་པ་འདྲ་མིན་གྱི་གཞི་ཁྱོན་གཉེར་སྐྱོང་ཁྱབ་གདལ་བཏང་སྟེ་གཞི་ཁྱོན་གཉེར་སྐྱོང་གི་ཐོག་ནས་ཞིང་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཞིང་པའི་ཡོང་འབབ་འཕར་བ་བྱེད་དགོས་པ་དང་། གཞུང་ཁོངས་ས་རྒོད་གསར་སྦོལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་དེང་རབས་ཞིང་ལས་ཀྱི་རྟེན་གཞི་ཆེ་གྲས་དང་། ཁེ་ལས་ཆེ་གྲས། ཐོན་ལས་ཆེ་གྲས་བཅས་སྐྲུན་དགོས་པ། ལས་གྲྭ་དང་། ཞིང་རྩལ། སྐྱེ་དངོས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཞིང་པའི་ཧུར་སེམས་སྐོང་འཐེན་བྱས་ཏེ་ཐུན་མོང་ཐོག་ས་ཞིང་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།