མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དམངས་ཁྲོད་ཀྱི་མ་འཇོག་སྲིད་ཇུས་དོན་འཁྱོལ་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་སྙན་སེང་གསན་པ་དང་། སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་དམངས་ཁྲོད་ཀྱི་མ་འཇོག་ཧུར་སེམས་སྐོང་འཐེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཚོགས་འདུའི་ཐོག་གཅིག་ནས་དམངས་ཁྲོད་མ་འཇོག་ལ་སྐུལ་མ་གཏོང་བ་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ཤིང་། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཀྱི་བྱེད་ཕྱོགས་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ཞིང་། དེས་མིག་སྔར་ཕན་ཐོགས་ལ་དེ་བས་ཕུགས་ལ་ཕན་པ་དང་། བརྟན་པོའི་ངང་འཕར་རྒྱུ་དང་ལས་ཞུགས་འགན་ལེན་ལ་ཕན་པ་མ་ཟད། དེ་བས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ལྷག་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། དཔལ་འབྱོར་གསར་པ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བ། འཕེལ་རྒྱས་རིམ་འཕར་ལ་སྐུལ་མ་གཏོང་བ་བཅས་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་རེད། གཉིས་ནས་སྒྱུར་བཅོས་ཟབ་གཏོང་དང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་མ་འཇོག་བྱེད་པའི་ཡིད་ཆེས་ཆེ་རུ་གཏོང་དགོས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“རང་གྲལ་རང་སྡོད་བྱེད་པར”ངེས་པར་དུ་དཔའ་བོས་རང་ལག་གཅོད་པའི་སྙིང་སྟོབས་ཀྱི་ཐོག་ནས་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ཏན་ཏིག་བྱེད་དགོས། རང་ངོས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ནས་སྡེ་ཚན་ཁག་གིས་ཀྱང་ཁོངས་གཏོགས་དེ་གའི་དག་ཐེར་ལ་ལྟ་སྐུལ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་ཁྲོམ་རའི་སྔོན་དཔག་ཡག་པོ་བརྟན་པོ་ཡོང་བ་བྱེད་དགོས། གསུམ་ནས་སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་མུ་མཐུད་ཐག་གཅོད་ཡག་པོ་བྱས་ནས་ལྟ་སྟངས་གཅིག་མཚུངས་ཀྱི་དྲང་གཞག་མ་འཇོག་ཁོར་ཡུག་ཅིག་གཏོད་དགོས་ཤིང་། སྲིད་འཛིན་ཞིབ་མཆན་གྱི་དོན་གནད་ཁག་གཅིག་སླར་ཡང་མེད་པ་བཟོས་ཏེ་ཁྲོམ་ར་ལྷུག་གཏོང་བྱེད་དགོས་རིགས་ཚང་མ་ལྷུག་གཏོང་མཐའ་གཅིག་ཏུ་བྱེད་དགོས། དམངས་ཁྲོད་ཀྱི་མ་འཇོག་དང་འབྲེལ་བའི་ཁྲིམས་སྲོལ་དང་སྲིད་ཇུས་གཙང་བཤེར་དང་འཐུས་སྒོ་ཚང་དུ་གང་མགྱོགས་བཏང་ནས་ཁྲོམ་རའི་ཆོག་འཐུས་ལྡོག་ཕྱོགས་ཀྱི་བཤེར་ཐོའི་ལམ་ལུགས་བཟོ་རྒྱུ་དམ་འཛིན་གྱིས་དམངས་སྤྱོད་གནམ་ཐང་དང་། རྨང་གཞིའི་གློག་འཕྲིན་གཉེར་སྐྱོང་། སྣུམ་རླངས་རྩད་ཞིབ་གསར་སྤེལ་སོགས་ཁྱབ་ཁོངས་སྔར་བས་སྒོ་མོ་དབྱེ་སྟེ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་བྱ་གཞག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གྱུར་དང་ལྐོག་གྱུར་གྱི་ཚད་གཞི་ཁག་མེད་པ་བཟོས་ཏེ་སྨན་བཅོས་དང་། རྒན་གསོ། སློབ་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་སུ་བྱ་ཐབས་ནུས་ལྡན་བཏོན་ནས་དམངས་གཉེར་ཁེ་ལས་དང་གཞུང་ཁོངས་ཁེ་ལས་དབར་གྱི་འདྲ་མཉམ་འགྲན་རྩོད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། བཞི་ནས་མ་དངུལ་མཉམ་འདུའི་དཀའ་ངལ་དང་གོང་མཐོའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་ཤིང་། དངུལ་རྩར་བརྟེན་ནས་དངོས་ཚན་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ནས་ཆེད་དོན་ཞིབ་བཤེར་བརྒྱུད་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་འཕར་ཚད་དེ་དངུལ་བུན་ཁག་གི་ཆ་སྙོམས་འཕར་ཚད་ལས་མི་དམའ་བ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལེན་མཁན་གྲངས་ཚད་དེ་ལོ་གོང་མའི་དུས་མཚུངས་ཀྱི་གྲངས་ཚད་ལས་མི་དམའ་བ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་འདུན་ཞུ་ཐོབ་ཚད་དེ་ལོ་གོང་མའི་དུས་མཚུངས་ཀྱི་ཆུ་ཚད་ལས་མི་དམའ་བ་བཅས་བྱེད་དགོས། དེ་དང་ཕྱོགས་མཚུངས་ངོ་བོ་འགྱུར་བའི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་དངུལ་བུན་གྱི་སྐྱེད་ཀ་མཐོ་རུ་གཏོང་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། སྲིད་གཞུང་གི་གཙོ་ཁྲིད་ཡིན་པའི་ཞིང་ཆེན་རིམ་པའི་ཁག་ཐེག་བསྐྱར་མའི་སྒྲིག་གཞི་ཕྱོགས་ཡོངས་སུ་ཁྱབ་རྒྱུར་སྐུལ་མ་བཏང་ནས་མ་དངུལ་མཉམ་འདུའི་ཁག་ཐེག་ལས་རིགས་གསར་པ་འཚོལ་ཞིབ་དང་གོང་འཕེལ་གཏོང་དགོས། དངུལ་རྩའི་སྒྲིག་གཞིར་གཞི་གྲངས་ཆེ་བ་སོགས་ཀྱི་ལག་རྩལ་གསར་པ་སྤྱོད་རྒྱུར་ཁྲིད་སྟོན་བྱས་ནས་དམངས་གཉེར་ཁེ་ལས་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་འཚམ་པའི་མ་དངུལ་མཉམ་འདུ་བྱེད་སྟངས་གསར་གཏོད་དང་ལྷག་པར་དུ་ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་ལས་སྒོ་རྒྱ་ཆེར་གཏོང་རྒྱུར་སྐུལ་མ་གཏོང་དགོས། ལྔ་ནས་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གིས་ཁ་ཆད་ལས་འགལ་བ་དང་སྲིད་ཇུས་དོན་འཁྱོལ་མི་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་སྲོལ་ནན་པོ་བཟོས་ཏེ་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲེལ་ཡོད་ས་གནས་དང་སྡེ་ཚན་ལ་གཏན་འབེབས་ཀྱི་དུས་ཚོད་ནང་ཁེ་ལས་ཀྱི་ལས་གྲྭའི་དངུལ་དང་། དངོས་ཟོག་ཉོ་སྒྲུབ་ཀྱི་དངུལ། འགན་ལེན་དངུལ་སོགས་འགྱངས་ཆད་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐུལ་མ་གཏོང་དགོས། ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་གང་མགྱོགས་གཙང་བཤེར་བྱས་ནས་ལུགས་མཐུན་མིན་པའི་གྲོན་བསྡུ་དང་མཚམས་སྦྱོར་ཞབས་ཞུའི་ལྷུ་ཚིགས་མེད་པ་མཐའ་གཅིག་ཏུ་བཟོས་ནས་གཏན་འབེབས་ཡོད་པའི་གྲོན་བསྡུ་ཡང་ཉུང་དུ་གཏོང་བ་དང་ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་དགོས། ཁྲིམས་བཞིན་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དོན་དག་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་འཐུས་ཚང་དང“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”ཁྱབ་གདལ་བཏང་སྟེ་གཞུང་དྲང་དྲང་བདེན་གྱི་ཁྲོམ་རའི་ཁོར་ཡུག་ཅིག་ཆགས་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།