མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་ཧྲང་ཧའེ་རུ་བརྟག་ཞིབ་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་ཧྲང་ཧའེ་རུ་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རིག་གནས་ཐད་ཀྱི་གདེང་ཚོད་དང་རིན་ཐང་ལྟ་བའི་ཐད་ཀྱི་གདེང་ཚོད་བརྟན་པོ་ཆགས་པ་དང་། ཕུགས་བསམ་དད་སེམས་ཐད་ཀྱི་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མི་རྣམས་ཀྱི་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་ཧྥུའུ་ཏན་སློབ་ཆེན་དུ་ལིའུ་ཡུན་ཧྲན་གྱིས་ཡུལ་དངོས་སུ་མཐོ་སློབ་ཀྱི་སློབ་ཁྲིད་དང་ཚན་ཞིབ་ཐད་རྟོག་ཞིབ་གནང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་སློབ་ཆེན་སློབ་མའི་བསམ་བློ་ཆབ་སྲིད་སློབ་གསོ་སོགས་ཀྱི་ཐད་དགེ་སློབ་དབར་སྤེལ་རེས་ཟབ་མོ་གནང་བ་མ་ཟད། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་དང་ཏང་འཛུགས་སྐྱོང་གི་བཞུགས་མོལ་ཚོགས་འདུ་ཁག་གཅིག་འཚོགས་གནང་བ་རེད། ལིའུ་ཡུན་ཧྲན་གྱིས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་དེ་མི་ཇི་འདྲ་ཞིག་གསོ་སྐྱོང་བྱེད་པའི་རྩ་བའི་གནད་དོན་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་དང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་ཤིང་། དམར་ཞིང་མཁས་པ་དང་། སྤྱོད་ཡོན་གཉིས་ལྡན། ཁྱོན་ཡོངས་འཕེལ་རྒྱས་བཅས་ཀྱི་བླང་བྱ་ལྟར་ཚད་ལོན་གྱི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུད་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་གང་ལེགས་སྤྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་སྟོབས་ཤུགས་གང་ལེགས་སྤྱོད་པ། ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་རྒྱུན་འཛིན་གྱི་རིག་གནས་སྟོབས་ཤུགས་གང་ལེགས་སྤྱོད་པ་བཅས་ཀྱི་ཐོག་ནས་དགེ་སློབ་ཚོར་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་རིན་ཐང་ཐད་ཀྱི་གདེང་ཚོད་རྒྱུན་འཁྱོངས་བྱེད་དགོས། དགེ་སློབ་ཀྱི་བསམ་བློའི་ཁྱད་ཆོས་དང་དོན་དངོས་དགོས་མཁོར་ཉེ་བར་བཅར་ནས་ལས་ཀའི་ལམ་སྲོལ་དང་བྱེད་སྟངས་ཐབས་ལམ་གསར་གཏོད་བྱེད་པ་དང་། དྲ་སྦྲེལ་སོགས་བྱ་ཐབས་གསར་པའི་གཞི་རྟེན་བེད་སྤྱོད་ཧུར་ཐག་བཏང་ནས་བསམ་བློ་སློབ་གསོའི་ལས་དོན་དེ་སྔར་བས་གཞི་རིམ་དུ་ཚུགས་ཐུབ་པ་དང་སྔར་བས་གསོན་ཤུགས་ལྡན་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཁྲུང་མིང་རྫོང་ཤན་ཆའོ་གྲོང་ཚོ་དང་དབྱིང་ཏུང་གྲོང་ཚོར་ལིའུ་ཡུན་ཧྲན་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བསམ་པའི་དཔལ་ཡོན་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་བཟང་སྤེལ་ནས་རང་རྒྱུད་སྦྱོང་རྒྱུ་དང་། སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་། ཁྱིམ་སྲོལ་དཔེ་བཟང་དོ་སྣང་བཅས་བྱེད་པ་དང་། ཤེས་དཔལ་དར་སྲོལ་གསོ་སྐྱོང་གང་ལེགས་ཀྱིས་མི་རྣམས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། དཀའ་སྤྱད་ལས་གཏོད་དང་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མང་ཚོགས་ཉེ་འཁོར་གྱི་མི་བཟང་དང་བྱ་བཟང་སྤྱོད་མཁས་པའི་སྒོ་ནས་མང་ཚོགས་ལ་ཁྲིད་སྟོན་དང་སྐུལ་ལྕག་གཏོང་དགོས་པ་དང་། སྒྱུར་འཕེལ་སྐུལ་གཏོང་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་ཀྱི་སྙིང་སྟོབས་ཐད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         བརྟག་ཞིབ་གནང་རིང་ལིའུ་ཡུན་ཧྲན་གྱིས་ད་དུང་གཞི་རིམ་ཏང་འཛུགས་སྐྱོང་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཏང་ཡོན་རྒན་གྲས་ལ་གཟིགས་པ་དང་འཚམས་འདྲི་གནང་ཁར་ལས་བྱེད་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོའང་གསན་པ་རེད། ལིའུ་ཡུན་ཧྲན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བླང་བྱ་ལག་བསྟར་བྱས་ཏེ་ཏང་དོ་དམ་དང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་སློབ་གསོའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་གང་ལེགས་བྱེད་དགོས། ཏང་དབུ་བརྙེས་ནས་ལོ་95འཁོར་བར་དྲན་གསོ་ཞུ་བ་དང“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”དཔྱད་འདེམས་གཟེངས་བསྟོད་དང་ཟུང་འབྲེལ་གྱིས་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་ཕུལ་བྱུང་ཐད་ཀྱི་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱས་ནས་འགག་སྒྲོལ་དཀའ་སེལ་གྱི་བརྩོན་སེམས་འཕེལ་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགན་འཁྲི་ཐེག་ཚད་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།