མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”ཚན་རྩལ་གསར་གཏོད་
གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་05ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”ཚན་རྩལ་གསར་གཏོད་
གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས་ཏང་ཡོངས་དང་རྒྱལ་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་ཚན་རྩལ་ལས་དོན་མི་སྣའི་ཐུན་མོང་འབད་བརྩོན་འོག་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་མྱུར་པོ་སོང་བ་དང་ཚན་རྩལ་ཡར་ཐོན་དང་གསར་གཏོད་ཐད་ཚད་བརྒལ་གལ་ཆེན་བྱུང་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད། དུས་བབ་གསར་པའི་འོག་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་མི་སྣས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ་ཡིད་ཆེས་བརྟན་པོ་དང་། བློ་བརྟན་འགྱུར་མེད། རྒྱུན་སྲིང་ལྷོད་མེད་བཅས་བྱས་ཐོག་ཚན་རྩལ་གསར་གཏོད་དེ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་འཇོག་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་པ། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་དང་འཛམ་གླིང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མུ་མཐུད་བྱས་རྗེས་འཇོག་པ་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ཞིས་ཅིན་ཕིང་པེ་ཅིང་འགྲེམས་སྟོན་ཁང་འགྲེམས་སྟོན་ཚོམས་ཆེན་ནང་གཟིགས་སྐོར་གནང་བར་ཕེབས། འགྲེམས་སྟོན་དེས“གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གྱིས་འབྱུང་འགྱུར་སྣེ་ཁྲིད་བྱེད”ཅེས་པས་བརྗོད་བྱ་གཙོ་བོ་བྱས་པ་དང་། སྤྱི་ཡོངས་ཀྱི་གནས་ཚུལ་དང་། ཆེད་དོན་རྣམ་གྲངས་གལ་ཆེན། རྨང་གཞིའི་ཞིབ་འཇུག འཐབ་ཇུས་ཀྱི་ལག་རྩལ་མཐོ་པོ། ཞིང་ལས་ཚན་རྩལ། དམངས་འཚོའི་ཚན་རྩལ། ས་ཁོངས་གསར་གཏོད། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ། གསར་གཏོད་ཤེས་ལྡན་པ། གོ་ལ་ཧྲིལ་པོར་ཁྱབ་པའི་གསར་གཏོད་དྲ་རྒྱ་སོགས་འགྲེམས་ཁུལ་10ལ་དབྱེ་བ། དངོས་པོ་དངོས་800ལྷག་ཙམ་དང་། དཔེ་དབྱིབས་120ལྷག་ཙམ། སྤེལ་རེས་རྣམ་གྲངས་བརྒྱ་ཙམ་སོགས་བརྒྱུད་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང“ལོ་ལྔ་ཚན་བཅུ་གཉིས་པ”དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཚན་རྩལ་ལས་རིགས་དང་སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་འཛམ་གླིང་ཚན་རྩལ་གྱི་མདུན་ཕྱོགས་སུ་ཁ་ཕྱོགས་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། རྒྱལ་དམངས་དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ་བཅས་མཐའ་འཁྱོངས་བྱས་པ་ལས་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་དང་ལས་དོན་གལ་ཆེན་གྱི་འཕེལ་རིམ་ཁག་གཅིག་འགྲེམས་སྟོན་བྱས་པ་རེད།
         འདུས་གྲུབ་གློག་ལམ་སྒྲིག་ཆས་དང་སྙིང་ལྕགས་ཀྱིས་རྒྱལ་ཁབ་ཀྱི་ཆ་འཕྲིན་བདེ་འཇགས་ལ་འདེགས་སྐྱོར་གལ་ཆེན་ཐུབ་ནས་འབྱུང་འགྱུར་རིག་ནུས་ཁ་ལོ་སྒྱུར་ཁང་རིག་ནུས་ལ་བརྟེན་ནས་ཚོད་འཛིན་ཐུབ་རྒྱུ་དང་། རིག་ནུས་སྐྱེ་དངོས་བཟོ་གྲྭའི་འགག་རྩའི་ལག་རྩལ་ཚད་བརྒལ་བྱུང་བ་མ་ཟད་ཁྱབ་གདལ་བེད་སྤྱོད་བཏང་བ། གཏིང་ཟབ་པའི་རྒྱ་མཚོར་འཛུལ་བའི་ལག་རྩལ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ། རང་རྒྱལ་གྱིས་རང་བརྟེན་གསར་གཏོད་བྱས་པའི་རུས་ནད་ཚན་ཁག་གི་གཤག་བཅོས་འཕྲུལ་མི་སྨན་ཁང་བཅུ་ལྷག་ཙམ་དུ་བེད་སྤྱོད་བཏང་བ། དགུ་ཚིགས་སྐྱ་མོ་ཨང་གཉིས་པའི་རྩིས་རྒྱག་འཕྲུལ་འཁོར་མ་ལག་ཁྱབ་ཁོངས་མང་པོར་བེད་སྤྱད་པ། ཁ་ཞེང་སྨི་500ཟིན་པའི་ཟླུམ་ངོས་གློག་རླབས་གནམ་དཔྱད་རྒྱང་ཤེལ་ལས་གཞི་ཁྱོན་ཆེ་ལ་གསལ་བའི་གནམ་དཔྱད་ལྟ་དཔྱད་ཚད་འཇལ་ཐུབ་པ། བྱང་སྐར་སྤུན་བདུན་ཕྱོགས་སྟོན་མ་ལག་གྲོང་ཁྱེར་40ལྷག་ཙམ་དུ་བེད་སྤྱད་པ་མ་ཟད་ཕྱི་རྒྱལ་དུ་བཏང་བ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྤྱི་ཡོངས་འཕེལ་རྒྱས་འགྲོ་ཚད་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ། འཛམ་གླིང་ཐོག་གི་ཆན་ཝ་ས་ཡ་རིམ་པའི་གློག་འདོན་འཕྲུལ་ཙུའུ་ལ་རང་བརྟེན་ཤེས་བྱའི་བདག་དབང་རྦད་དེ་ཡོད་པ། མྱུར་བགྲོད་ལྕགས་ལམ་དེ་ཉིད་ཀྲུང་གོའི་སྒྲིག་ཆས་རྩེ་གྲའི་སྤུས་རྟགས་སུ་གྱུར་བ། རྒྱལ་སྤྱིའི་ཚ་ཉིང་འདུས་འགྱུར་འཆར་གཞི་དེ་ཉིད་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་ཚན་ཞིབ་མཉམ་ལས་རྣམ་གྲངས་གྲས་སུ་གྱུར་པ་སོགས་དངོས་རྫས་རེ་རེ་དང་། དཔེ་དབྱིབས་རེ་རེ། བརྙན་ཕབ་རེ་རེ་བཅས་དང་དེ་བཞིན་ངོ་མཚར་ཆེ་བའི་བརྒྱུད་ལམ་སྣེ་མང་གི་གསལ་སྟོན་དང་གསོན་ཉམས་ལྡན་ལ་སྤྲོ་སྣང་འཕེལ་བའི་སྤེལ་རེས་ལས་ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱི་ཡིད་དབང་འཕྲོག་ཅིང་། ཁོང་རྣམ་པས་གཟིགས་སྐོར་ཞིབ་ཚགས་གནང་བཞིན་ལས་དོན་མི་སྣའི་འགྲེལ་བཤད་ནན་ཏན་གསན་པ་དང་སྦྲགས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།