མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་03ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྤྱི་པུའི་པུའུ་ཀྲང་བཅས་ཡིན་པའི་ལི་ཀྲུའུ་ཡུང་གིས་སྣེ་ཁྲིད་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གིས་ཚོགས་པ་མངགས་ནས་ཀྲུང་གོར་ཁྲའོ་ཞན་ངལ་རྩོལ་ཏང་གི་རྒྱལ་ཡོངས་ཚོགས་འདུ་ཐེངས་བདུན་པའི་གནས་ཚུལ་བརྡ་ཁྱབ་གཏོང་བར་ཡོང་བར་དགའ་བསུ་ཞུས་ཤིང་། ཞིས་ཅིན་ཕིང་གིས་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་ཏང་གཉིས་ཀྱིས་གལ་ཆེའི་གནད་དོན་ཐད་འཐབ་ཇུས་འབྲེལ་གཏུག་བྱེད་པའི་སྲོལ་རྒྱུན་མངོན་གྱི་ཡོད་ལ་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མཐོང་ཆེན་བྱེད་ལུགས་མཚོན་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ཀྱི་བྱ་གཞག་ཁྲོད་ཁྲའོ་ཞན་མི་དམངས་རྣམས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ལི་ཀྲུའུ་ཡུང་གིས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལ་བསྐུར་བའི་ངག་འཕྲིན་བརྒྱུད་བསྒྲགས་གནང་བ་དང་སྦྲགས་ཁྲའོ་ཞན་ངལ་རྩོལ་ཏང་གི་རྒྱལ་ཡོངས་ཚོགས་འདུ་ཐེངས་བདུན་པའི་གནས་ཚུལ་ཞུས་པ་རེད། ངག་འཕྲིན་ནང་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་ཤུགས་སྣོན་དང་འཕེལ་རྒྱས་བཏང་ནས་ཁྲའོ་ཞན་ཕྱེད་གླིང་དང་དེ་བཞིན་ཨེ་ཤེ་ཡའི་བྱང་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་འབྲེལ་བར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁྲའོ་ཞན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྲུང་སྐྱོང་དང་། སྲ་བརྟན། འཕེལ་རྒྱས་བཅས་ཡག་པོ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། ཞིས་ཅིན་ཕིང་གིས་ཕྱེད་གླིང་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཐུན་ཡིན་པ་དང་ཁ་གསལ་ཡིན། འབྲེལ་ཡོད་ཕྱོགས་ཁག་གིས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ་འབྲེལ་གཏུག་དང་གླེང་མོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།