མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་
ཆེན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་
བཅས་འཚོགས་པ་དང་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་01ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་
ཆེན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་
བཅས་འཚོགས་པ་དང་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཚོགས་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་བཅས་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཚན་རྩལ་དར་རྒྱས་བྱུང་ཚེ་མི་རིགས་དར་རྒྱས་ཡོང་བ་དང་ཚན་རྩལ་སྟོབས་ཆེ་རུ་ཕྱིན་ཚེ་རྒྱལ་ཁབ་སྟོབས་ཆེར་འགྲོ་ངེས་ཡིན། དེ་རིང་ང་ཚོས་འདི་གར་ཚོགས་འདུ་གཟབ་རྒྱས་དེ་འཚོག་པའི་དམིགས་ཡུལ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ནས་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་དུང་བརྡ་སྒྲོག་རྒྱུ་དེ་ཡིན། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་གཏོད་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ་བཅས་ཀྱི་ཐོག་ནས་ཁྱབ་ཁོངས་ཁག་གི་ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་བ་དང་གོ་ལ་ཧྲིལ་པོའི་ཚན་རྩལ་འགྲན་རྩོད་ཀྱི་ཐོག་མའི་གོ་སྐབས་སྟངས་འཛིན་ཐུབ་པ་བྱེད་དགོས། དེ་ནི་ང་ཚོས་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་དགོས་ཞེས་བཏོན་པའི་འགོ་འཛུགས་ས་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཕེབས་ཡོད་པ་རེད།
         སྔ་དྲོའི་ཆུ་ཚོད་9པར་ཚོགས་ཆེན་འགོ་ཚུགས་པ་དང་ཚང་མ་ཡར་བཞེངས་ཏེ་རྒྱལ་གླུ་བླངས་པ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གནང་ཞིང་། ཁོང་གིས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་2020ལོར་སླེབས་སྐབས་རང་རྒྱལ་འདི་ཉིད་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་དང་། 2030ལོར་སླེབས་སྐབས་རང་རྒྱལ་འདི་ཉིད་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་100འཁོར་མཚམས་སུ་རང་རྒྱལ་འདི་ཉིད་འཛམ་གླིང་ཚན་རྩལ་གྱི་སྟོབས་ཆེའི་རྒྱལ་ཁབ་ཏུ་འགྱུར་བ་བྱ་རྒྱུ་དེ་ཡིན། ཁང་གཉིས་ཀྱི་ཡོན་ཧྲི་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་། མི་དམངས་ཀྱི་སྤོབས་པ། མི་རིགས་ཀྱི་གཟི་བརྗིད་བཅས་ཡིན་པས་ཚང་མའི་འགན་འཁྲི་ལྕི་ལ་ལས་འགན་ལྕི་པོ་ཡོད་སྟབས་གསར་གཏོད་རྣམ་པའི་རྒྱལ་ཁབ་སྐྲུན་ཐུབ་པ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་ཐུབ་པ་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་གསར་བརྗེས་དུས་རྟག་ཏུ་འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་གཏོང་ལུགས་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ར་འཕྲོད་ཐུབ་ཡོད། ལོ་ངོ་ལྔ་སྟོང་ལྷག་ཙམ་རྒྱུན་འཁྱོངས་ཐུབ་པའི་ཤེས་དཔལ་དར་རྒྱས་ཀྱི་འཕེལ་རིམ་ནང་ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ཐོག་སྐད་གྲགས་ལྡན་པའི་ཚན་རྩལ་གྲུབ་འབྲས་བཏོད་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཐད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་རླབས་ཆེའི་གྲུབ་འབྲས་ཐོབ་ནས་ཚན་རྩལ་གྱི་སྤྱི་ཡོངས་ཀྱི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ་ཁྱབ་ཁོངས་གལ་ཆེན་གྱི་ཕྱོགས་ཁག་ཅིག་འཛམ་གླིང་གི་སྔོན་ཐོན་གྲལ་དུ་སླེབས་པ་དང་། འབོར་ཚད་གསོག་འཇོག་ནས་སྤུས་ཚད་དུ་མཆོང་སྐྱོད་དང་། གནས་ཀྱི་ཚད་བརྒལ་ནས་མ་ལག་གི་ནུས་པ་ཆེ་རུ་འགྲོ་བའི་བར་གྱི་དུས་མཚམས་གལ་ཆེན་དུ་སླེབས་ཡོད།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ལྟ་སྐབས་གསར་གཏོད་ནི་སྔ་བར་ཕྱི་གསུམ་དུ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་གལ་ཆེན་ཡིན་ལ་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། གསར་གཏོད་མ་བྱས་ན་མི་འགྲིག་པ་དང་གསར་གཏོད་བྱེད་འགོར་ནའང་མི་འགྲིག གལ་ཏེ་ང་ཚོས་འགྱུར་ལྡོག་མ་ཤེས་པ་དང་། འགྱུར་ལྡོག་མི་བྱེད་པ། འགྱུར་ལྡོག་མ་བཏང་ན་འཐབ་ཇུས་ཐད་གཞན་དབང་དུ་ཚུད་ནས་འཕེལ་རྒྱས་ཀྱི་གོ་སྐབས་ཤོར་བ་མ་ཟད། ཐ་ན་དུས་རབས་ཧྲིལ་པོ་གཅིག་འཕྱུགས་སྲིད། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་འཕེལ་རྒྱས་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་འཕེལ་རྒྱས་ཀྱི་རང་བདག་དབང་ཆ་སྟངས་འཛིན་བྱེད་པ། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་འགལ་ཟླ་དང་གནད་དོན་སེལ་བའི་ལྡོག་མེད་ཀྱི་གདམ་ག་ཞིག རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དེ་བས་ལེགས་པའི་ངང་སྣེ་ཁྲིད་བྱེད་པའི་རྒྱུན་རྣམ་གསར་པ་ཞིག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་བཅས་ཡིན།
         ཞིས་ཅིན་ཕིང་གིས་དེའི་ཐད་བླང་བྱ་ཁག་ལྔ་བཏོན་གནང་བ་སྟེ། གཅིག་ནས་ཚན་རྩལ་གྱི་རྨང་གཞི་བརྟན་དུ་བཏང་སྟེ་ཚན་རྩལ་ཁྱབ་ཁོངས་གལ་ཆེན་འཛམ་གླིང་གི་སྔོན་ཐོན་གྲལ་དུ་སླེབས་པ་བྱེད་དགོས་པ་དང་། གཉིས་ནས་འཐབ་ཇུས་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་གསར་གཏོད་འཕེལ་རྒྱས་ཀྱི་ཚན་རྩལ་གྱི་དཀའ་གནད་སེལ་དགོས་པ། གསུམ་ནས་ཚན་རྩལ་གྱི་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོར་ཞབས་འདེགས་ཞུ་དགོས་པ། བཞི་ནས་སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱས་ཏེ་གསོན་ཤུགས་ཀྱིས་ཁེངས་པའི་ཚན་རྩལ་དོ་དམ་དང་འཁོར་སྐྱོད་ལམ་སྲོལ་ཆགས་པ་བྱེད་དགོས་པ། ལྔ་ནས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གསར་གཏོད་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་དགོས་པ་བཅས་ཡིན།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་གཏོང་རྒྱུ་ནི་ཚན་རྩལ་གསར་གཏོད་ཡོང་བ་བྱེད་པའི་གཤོག་ཟུང་ལྟ་བུ་ཡིན་པས་ཚན་རིག་ཁྱབ་གདལ་གཏོང་རྒྱུ་དེ་ཚན་རྩལ་གསར་གཏོད་དང་གནས་བབ་གཅིག་མཚུངས་ཀྱི་ཐོག་བཞག་ནས་ཚན་རིག་ཤེས་བྱ་ཁྱབ་གདལ་དང་། ཚན་རིག་སྙིང་སྟོབས་དར་སྤེལ། ཚན་རིག་བསམ་བློ་བརྒྱུད་བསྒྲགས། ཚན་རིག་བྱ་ཐབས་དར་སྤེལ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་སུ་ཚན་རིག་ལ་སྣང་ཆེན་དང། ཚན་རིག་ལ་དགའ་ཞེན། ཚན་རིག་སློབ་སྦྱོང་། ཚན་རིག་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་དུང་ཕྱུར་མང་པོའི་ཁྲོད་གནས་པའི་གསར་གཏོད་ཀྱི་བློ་རིག་འདོན་སྤེལ་གང་ལེགས་དང་གསར་གཏོད་ཀྱི་སྟོབས་ཤུགས་གང་ལེགས་མངོན་པར་བྱེད་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་ནི་རང་རྒྱལ་གྱི་ཚན་རྩལ་མཁས་ཅན་འདུ་གནས་ཤིག་ཡིན་པས་རྒྱལ་ཁབ་ཀྱི་རྩེར་སོན་ཚན་རྩལ་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་རྒྱ་ཆེའི་ཡོན་ཧྲི་རྣམས་སྒྲིག་འཛུགས་བྱས་ནས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ཕུགས་དང་འབྲེལ་བའི་གནད་དོན་ལ་དམིགས་ཐོག་རྒྱལ་ཁབ་ཀྱི་ཚན་རྩལ་ཐབས་ཇུས་ཆེད་གནད་འཁེལ་དང་། སྔོན་མཐོང་། དུས་ཐོག་བཅས་ཀྱི་གྲོས་འགོ་འདོན་དགོས། ཆེས་མཐོའི་རིག་གཞུང་སྒྲིག་གཞིའི་རིག་གཞུང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཛམ་གླིང་ཚན་རྩལ་གྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་ཐུབ་པ་བྱས་ནས་ཚན་རྩལ་གསར་བརྗེའི་ཁ་ཕྱོགས་གསར་པར་ཤེས་ཚོར་རྐྱེན་པོའི་ངང་དམ་འཛིན་བྱེད་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་རིམ་ཁག་རྩ་འཛུགས་ཀྱིས་ཚན་རྩལ་ལས་དོན་པར་ཞབས་ཞུ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཞབས་ཞུ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་ཞབས་ཞུ། ཏང་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་ཞབས་ཞུ་བཅས་ཀྱི་འགན་འཁྲིའི་ངེས་གནས་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚན་རྩལ་གསར་གཏོད་ནང་ཧུར་ཐག་ཞུགས་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་དང་གསར་གཏོད་སྔོན་བརྩོན་གྱི་བྱ་སྤྱོད་སྤེལ་ནས་ཚན་རྩལ་དར་རྒྱས་གོང་འཕེལ་ཡོང་བ་དང་ཚན་རིག་ཁྱབ་གདལ་དང་ཁྱབ་སྤེལ་ཐུབ་པ་བྱེད་དགོས།
         མཇུག་ཏུ་ཞིས་ཅིན་ཕིང་གིས་འགན་འཁྲི་ཇི་ཙམ་ལྕི་ན་བྱ་གཞག་དེ་ཙམ་གྱིས་ཆེ་བ་སྒྲུབ་ཐུབ་ངེས་ཡིན་ལ་འགན་ཇི་ཙམ་ཆེ་བ་ཁུར་ཚེ་གྲུབ་འབྲས་ཀྱང་དེ་ཙམ་གྱིས་ཆེན་པོ་ཐོབ་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།