མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལྷན་དུ་གཅིག་གྱུར་སྤུས་རྟགས་ཀྱི་
ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཡོ་རོབ་(ཕོ་ལན་)ཏུ་
ཐེངས་དང་པོ་འབྱོར་བའི་མཛད་སྒོར་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལྷན་དུ་གཅིག་གྱུར་སྤུས་རྟགས་ཀྱི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཡོ་རོབ་(ཕོ་ལན་)ཏུ་ཐེངས་དང་པོ་འབྱོར་བའི་མཛད་སྒོར་ཕེབས་པ་རེད།
         ཞིས་ཅིན་ཕིང་ཝར་སོ་ལྕགས་ལམ་དོས་སྒམ་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་སུ་ཕེབས་འབྱོར་ཟིན་སྐབས་ཏུའུ་ཏ་ཡིས་མེ་འཁོར་སྒུག་སའི་ཕྱི་རོལ་དུ་ཕེབས་བསུ་ཞུས་པ་རེད།
         མཛད་སྒོ་འགོ་ཚུགས་རྗེས་ཞིས་ཅིན་ཕིང་དང་ཏུའུ་ཏ་རྣམ་གཉིས་གཟིགས་སྟེགས་སུ་འཛེགས་གནང་བ་རེད། མཚོན་རྟགས་གཅིག་གྱུར་བཏགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་དལ་གྱིས་བབས་ཚུགས་སུ་སླེབས་སྐབས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་དུས་གཏན་མེ་འཁོར་ལ་ཕྱག་གཡུག་གཡུག་གནང་བ་དང་འབྲེལ་ཕྱག་གཏོང་རེས་གནང་ནས་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ནི་འཁོར་ཐེངས་དང་། ལམ་ཐིག མེ་འཁོར་གཏོང་དུས་བཅས་གཏན་འཇགས་ཀྱི་ལམ་ཐག་ཧྲིལ་པོའི་འཁོར་སྐྱོད་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་པའི་དོས་སྒམ་རྒྱལ་སྤྱིའི་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་ཞིག་ཡིན་པ་རེད། འདི་ལོ་ཟླ་6ཚེས་8ཉིན་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་གཅིག་གྱུར་སྤུས་རྟགས་དངོས་སུ་སྤྱད་ཡོད་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཕོ་ལན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།