མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་གཙོ་སྐྱོང་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་17ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་འཚོགས་ཏེ་ད་ལྟ་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་གཅིག་མཐུན་མིན་པ་དང་། ལས་སྒྲུབ་ལས་གཏོད་ལ་འགོག་རྐྱེན་བཟོ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་མཐུན་པ་བཅས་ཀྱི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཁག་གཅིག་གོ་མི་ཆོད་པའི་ཁྱབ་བསྒྲགས་བྱ་རྒྱུ་དང་། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁག་ཐེག་དངུལ་གཙང་བཤེར་དང་ཚད་ལྡན་དུ་བཏང་ནས་ཁེ་ལས་ཀྱི་མ་རྩ་དམའ་རུ་གཏོང་བ་དང་དྲང་སྙོམས་འགྲན་རྩོད་ཀྱི་ཁོར་ཡུག་བསྐྲུན་རྒྱུའི་གཏན་འབེབས་གནང་བ་རེད།
         ཚོགས་འདུའི་ཐོག་ད་ལྟ་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་གཅིག་མཐུན་མིན་པ་དང་སྒྱུར་བཅོས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་ཡིག་ཆ་ཁྱོན་ཡོངས་ནས་གཙང་བཟོ་བྱ་རྒྱུ་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་སྒྱུར་བཅོས་ལེགས་གཏོང་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དེས་ཁྲོམ་རའི་ལམ་སྲོལ་ནུས་པ་སྔར་བས་འདོན་སྤེལ་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་བ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་པ། དཔལ་འབྱོར་གསར་པ་དང་འགུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད། ཚོགས་འདུའི་ཐོག་དུས་འགོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་ཁག་489གོ་མི་ཆོད་པའི་ཁྱབ་བསྒྲགས་བྱས་པའི་རྨང་གཞིའི་ཐོག་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་ཁག་506གོ་མི་ཆོད་པ་དང་ལག་ལེན་བསྟར་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་དེའི་ནང་གཅིག་ནི་ད་ལྟ་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་མི་མཐུན་པའམ་ཡང་ན་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་རིགས་དང་། གཉིས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་མཐུན་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་དོ་དམ་བྱེད་སྒོར་ཚོད་འཛིན་ནན་པོ་བཟོ་བའི་རིགས། གསུམ་ནི་བཀོད་སྒྲིག་བྱས་པའི་ཞིབ་བཤེར་ཆོག་མཆན་དོན་ཚན་མེད་པར་བཟོས་པའམ་ཡང་ན་ཟུར་འཇོག་བྱས་པ་དང་ཡིག་ཆ་མི་འདྲ་བས་དོན་ཚན་གཅིག་ཐད་བླང་བྱ་བསྐྱར་འདོན་བྱེད་པ་དང་གཏན་འབེབས་གཅིག་མཐུན་མིན་པའི་རིགས་བཅས་ཚུད་ཡོད་པའི་གཏན་འབེབས་བྱས་ཡོད། ཚོགས་འདུའི་ཐོག་སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱེད་པ་དང་ལག་ལེན་བསྟར་རིང་དང་ལག་ལེན་བསྟར་རྗེས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཁུག་ཆ་མི་ལུས་པ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གོང་གསལ་དགོངས་དོན་ལ་གཞིགས་ཏེ་ད་ལྟ་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་མི་མཐུན་པའམ་ཡང་ན་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པ་དང་འཕར་རྒྱུ་བརྟན་གཏོང་དང་། སྒྱུར་བཅོས་སྐུལ་གཏོང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ་བཅས་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་ཡིག་ཆ་གཙང་བཟོ་དང་རྩིས་མེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།