མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིའར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་09ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིའར་དང་མཇལ་འཛོམས་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏའེ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིའར་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཙུང་ལི་ཨའོ་ཉིའར་གྱིས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་སྐབས་སུ་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་བར་དགའ་བསུ་ཞུས་གནང་བ་མ་ཟད། འཚམས་འདྲིར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཡང་ཞུས་གནང་ཞིང་། ཞིས་ཅིན་ཕིང་གིས་ལོ་40ཡི་ནང་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་ཕན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཕྱོགས་གཉིས་པོས་མཐོ་རིམ་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་ཁག་དབར་སྤེལ་རེས་རྒྱ་ཆེ་རུ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པར་བསྔགས་བརྗོད་བྱེད་རྒྱུ་དང་འབྲེལ་སྔར་རྒྱུན་བཞིན་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་རྒྱལ་ཁབ་ཀྱི་རང་བཙན་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་གསུངས་པ་རེད། ཕྱོགས་གཉིས་པོས་དངོས་དོན་མཉམ་ལས་རྒྱ་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དེ་བས་ལེགས་པ་བྱས་ཏེ་ཉོ་ཚོང་དང་། ནུས་རྒྱུའི་ཐོན་ཁུངས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་དང་ཉ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གྲོས་ཐག་བཅད་པའི་རྣམ་གྲངས་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་བྱས་ཏེ་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། ཕྱོགས་གཉིས་པོས་ས་གནས་ཀྱི་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་མ་གཏོང་དགོས་པ་དང་སྦྲགས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ཏེ་འབྲེལ་ཡོད་རིག་གནས་སྤེལ་རེས་བྱེད་སྒོ་ཡག་པོ་སྤེལ་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་འབྲེལ་མཐུད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་གླེང་སྟེགས། ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་གནམ་གཤིས་འགྱུར་ལྡོག་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེ་རུ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཕྱོགས་ཀྱིས་2018ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ནན་བཤད་གནང་བ་རེད།
          ཨའོ་ཉིའར་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཁོང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་། ནུས་རྒྱུ། དངུལ་རྩ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེ་རུ་གཏོང་བ་དང་། ཕྱོགས་མང་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་མཐུད་མཐུན་སྦྱོར་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད། ལྷོ་རྒྱ་མཚོའི་གནད་དོན་ཐད་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཕྱོགས་ཀྱིས་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་ལ་བརྩི་འཇོག་དང་ཐད་ཀའི་དོ་བདག་ཕྱོགས་ཀྱིས་སྐད་ཆ་བྱེད་རེས་དང་གླེང་མོལ་བྱས་པ་བརྒྱུད་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་འབྲེལ་ཡོད་མཚོ་ཐོག་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ལུགས་གསུངས་ཡོད།