མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་
ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དྲུག་པར་ཞུགས་
ནས་གསུང་བཤད་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་26ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་
ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དྲུག་པར་ཞུགས་
ནས་གསུང་བཤད་གལ་ཆེན་གནང་བ།

         ཧྲང་ཧའེ་ཡི་སྙིང་སྟོབས་དར་སྤེལ་དང་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ། 
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་24ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དྲུག་པ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཐ་ཧྲི་ཀན་དུ་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཕུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པ་ཡེ་ཕུའུ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇི་སི་ཐན་གྱི་ཙུང་ཐུང་ལ་ཧེ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལི་མོ་ཕུའུ་བཅས་དང་ལྷན་དུ་ཚོགས་འདུར་ཞུགས་པ་རེད། ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩ་བའི་དགོངས་དོན་དང་རྩ་དོན་ལ་བློ་རྩ་བརྟན་པོས་བརྩི་སྲུང་ཞུ་བ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་ཁོང་དུ་བརྟན་པོ་ཆུད་པ། ཁྱབ་ཁོངས་ཁག་གི་ཐབས་ཇུས་ཀྱི་མཉམ་ལས་འགུལ་རྣམས་ལེགས་སྒྲིག་བཅས་བྱས་ཏེ་རྩ་འཛུགས་དེར་གསོན་ཤུགས་འཕེལ་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་གིས་སྔོན་ལ་ཁྱབ་ཁོངས་ཆུང་བའི་གླེང་མོལ་གནང་བ་དང་། དེ་རྗེས་ལྟ་ཞིབ་པའི་རྒྱལ་ཁབ་ཡིན་པའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉི་དང་། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ། རྒྱ་གར་གྱི་ཙུང་ལི་མོ་ཏི། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ལེ་པེ་ཀེ་ཏའོར་ཅི། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སའེ་དབྱིང་། དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལི་ཕུའུ་བཅས་དང་། ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མའེ་ཏུའོ་ཕུའུ། དེ་བཞིན་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ཀྱི་འཐུས་མི་ཁྱབ་ཁོངས་ཆེ་བའི་གླེང་མོལ་ལ་གདན་དྲངས་པ་རེད། ཁ་ལི་མོ་ཕུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་འདུའི་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་15སོང་རིང་གི་གྲུབ་འབྲས་གཙོ་བོ་གྲོས་ཞིབ་གནང་བ་རེད། ཚོགས་ཞུགས་ཕྱོགས་ཁག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་དང་དེང་སྐབས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་གཙོ་གནད་གནད་དོན་ལ་དམིགས་ནས་བསམ་འཆར་བརྗེ་རེས་གནང་བས་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་བ་རེད།
         ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་《ཧྲང་ཧའེ་ཡི་སྙིང་སྟོབས་དར་སྤེལ་དང་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་15སོང་རིང་། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་འཕེལ་རྒྱས་གྲུབ་འབྲས་ཐོབ་ཡོད། ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མཐུན། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་གི་འཕེལ་རྒྱས་དོན་གཉེར་བཅས་བྱེད་པའི“ཧྲང་ཧའེ་ཡི་སྙིང་སྟོབས”གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དར་སྤེལ་དང་ལག་ལེན་བསྟར་ཡོད། རང་བདག་གདམ་ག་བྱེད་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ཐད་འབད་བརྩོན་བྱེད་པར་ཕན་ཚུན་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་ཁྲོད་ཀྱི་འགྲོ་འོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱི་ཕྱོགས་དང་སྤེལ་རེས་རྒྱ་ཆེར་ཧུར་ཐག་གཏོང་བ། གྲོགས་ཚོགས་ཉིན་བཞིན་རྒྱ་ཆེར་གཏོང་བ། ཁོངས་མི་ཐོག་མར་མང་དུ་གཏོང་བའི་ལས་དོན་སྤེལ་བ། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག རྩ་འཛུགས་དེ་རྩ་བ་བརྟན་པོ་ཚུགས་པ་བྱས་ནས་མུ་མཐུད་ཡར་རྒྱས་འགྲོ་བ་དང་དེ་བས་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཚོགས་ཞུགས་འགོ་ཁྲིད་ཀྱིས་ཕན་ཚུན་བརྩི་འཇོག་དང་ཁྱིམ་མཚེས་མཛའ་གྲོགས་ཀྱི་རྩ་དོན་གྱི་རྨང་གཞིའི་ཐོག ཞི་བདེར་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བར་རྩེ་གཅིག་ཏུ་གཞོལ་བ་དང་། ཁྱབ་ཁོངས་ཁག་དབར་མཉམ་ལས་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ནས། ས་ཁུལ་དེ་གའི་བདེ་འཇགས་བརྟན་ལྷིང་དང་རྒྱུན་སྲིང་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
         འགོ་ཁྲིད་པས་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་གྲོས་འགོ་བསྐྱར་བཤད་གནང་བ་དང་། གྲོས་འགོ་དེ་དོན་འཁྱོལ་བྱེད་པའི་ཐད་མུ་མཐུད་ལས་དོན་སྤེལ་རྒྱུ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཡོ་རོབ་འབྲེལ་མཐུད་བྱེད་པའི་ལྟེ་གནས་སྐྲུན་པ་བཅས་བྱས་ནས་དཔལ་འབྱོར་ཚོང་དོན་དང་། ཐོན་ནུས། ནུས་རྒྱུ། མ་འཇོག ཞིང་ལས། རིག་གནས། ཚན་རྩལ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱེད་དགོས་པའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
         འགོ་ཁྲིད་པས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས་》ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་གྱི་རྨང་གཞིའི་ཐོག རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ་དང་། འབྲེལ་ཡོད་ཀྱི་རྩོད་གཞི་ཚང་མ་དོ་བདག་ཕྱོགས་ཀྱིས་མཛའ་གྲོགས་ཀྱི་གྲོས་མོལ་ལ་བརྟེན་ནས་ཞི་བའི་ངང་ཐག་གཅོད་བྱས་ཏེ། རྒྱལ་སྤྱི་ཅན་དང་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་དགོས། ཕྱོགས་ཁག་གིས་གོང་གསལ་གྱི་སྤྱི་ཆིངས་དང་། 《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》 དེ་བཞིན་བསྒྲགས་གཏམ་དོན་འཁྱོལ་བྱས་པའི་རྗེས་ཀྱི་བྱ་སྤྱོད་ཕྱོགས་སྟོན་གྱི་ནང་དོན་ཚང་མར་བརྩི་སྲུང་ཞུ་དགོས་པའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད། འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཏེ་ལོ་15སོང་ནས་ད་ཆ་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་མ་ལག་ནང་བདེ་འཇགས་དང་། བརྟན་ལྷིང་། རྒྱུན་མཐུད་འཕེལ་རྒྱས་བཅས་འགན་ལེན་བྱེད་པའི་རྒྱུ་རྐྱེན་ནུས་ལྡན་ཞིག་ལ་གྱུར་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་ཡོད་པས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པར་རྒྱབ་སྐྱོར་དང་སྲ་བརྟན་དུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་གྱི་རྨང་གཞིའི་ཐོག་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མནའ་འབྲེལ་མི་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་མི་འགྱུར་བ། ཁ་གཏད་དུ་མི་ལངས་པ་བཅས་ཀྱི་ལངས་ཕྱོགས་ལ་བརྩི་སྲུང་ཞུས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་ཀྱི་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིས་མཉམ་ལས་དམ་ཟབ་ལ་མོས་མཐུན་བྱས་ཏེ་འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ལ་རྡུང་རྡེག་དང་། རྒྱལ་མཚམས་སྒྲོལ་བའི་སྒྲིག་འཛུགས་ལྡན་པའི་ཉེས་གསོག་དང་དེང་དུས་ཆ་འཕྲིན་ལག་རྩལ་གྱི་ཉེས་གསོག་ལ་རྡུང་རྡེག ཁྲིམས་འགལ་དུག་རྫས་ཐོན་སྐྱེད་དང་དབོར་འདྲེན་ལ་རྡུང་རྡེག་བཅས་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།