མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་ས་
གནས་ཀྱི་འབྲུབ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུར་རྒྱབ་སྐྱོར་
ཤུགས་ཆེན་བྱེད་དགོས་པའི་མཛུབ་སྟོན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་08ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་ས་གནས་ཀྱི་འབྲུབ་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཉེ་དུས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འབྲུབ་ཆུ་རྒྱས་ཚུལ་ཛ་དྲག་ལ་འབྲུབ་འགོག་གེགས་སེལ་གྱི་ལས་འགན་དཀའ་ཚེགས་ཆེ་བས་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་དབྱང་དམག་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་འབྲུབ་ཆུ་རྒྱས་ཚུལ་དང་གེགས་སེལ་གྱི་དགོས་མཁོ་གསར་པར་གཞིགས་ཏེ། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འབྲེལ་ཡོད་དཔུང་སྡེས་གང་མགྱོགས་འབྲུབ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུར་བཀོད་འདོམས་བྱས་ནས་དམག་དྲག་པོ་རྒྱག་ཐུབ་པའི་རང་རེའི་དམག་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་དང་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་གྱིས་ས་གནས་ཀྱི་འབྲུབ་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་དང་། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་རྒྱུར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
         ཀྲུང་དབྱང་དམག་ཨུད་ཀྱིས་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་དམག་དཔུང་གིས་ས་གནས་ཀྱི་འབྲུབ་འགོག་གེགས་སེལ་ལས་དོན་ལ་སྔར་བས་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད། མིག་སྔར་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འབྲེལ་ཡོད་དཔུང་སྡེས་འབྲུབ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད། འབྲེལ་ཡོད་དཔུང་སྡེས་གྲ་སྒྲིག་གང་ལེགས་བྱས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀའ་ཕབ་མ་ཐག་འཕྲལ་མར་བྱ་སྤྱོད་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།