མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་ཀྱི་
རྒྱུན་འཛུགས་འགྲེམས་སྟོན་ཁང་བསྐྲུན་ཟིན་པར་ཞིས་ཅིན་ཕིང་དང་
ཕུའུ་ཅིང་གིས་རྟེན་འབྲེལ་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་06ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་གནས་ཀྱི་རྒྱུན་འཛུགས་འགྲེམས་སྟོན་ཁང་བསྐྲུན་ཟིན་པའི་མཛད་སྒོ་ཨུ་རུ་སུའི་མོ་སི་ཁོར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཚོགས་གནས་ཀྱི་རྒྱུན་འཛུགས་འགྲེམས་སྟོན་ཁང་བསྐྲུན་ཟིན་པར་རྟེན་འབྲེལ་ཞུས་པ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྱང་ཆེད་མངགས་རྟེན་འབྲེལ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཚིག་ནང་མཛུབ་སྟོན་གནང་དོན། ལོ་88གོང་དུ་ཀྲུང་གོའི་གསར་བརྗེའི་དཀའ་ཚེགས་ཆེ་ཤོས་ཀྱི་འགག་རྩའི་དུས་ཡིན་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ཆེད་དུ་ཀྲུང་གུང་གི་འཐུས་མི་140ཡིས་ལམ་ཐག་རིང་པོར་མ་འཛེམས་པར་མོ་སི་ཁོའི་གྲོང་འདབས་ཀྱི་ལྔ་གཅིག་གྲོང་དུ་འཛོམས་ནས་ཀྲུང་གུང་ཚོགས་ཆེན་དྲུག་པ་འཚོགས་པ་དེ་ནི་ཀྲུང་གུང་གི་ལོ་རྒྱུས་ཐོག་རྒྱལ་ཁོངས་ཕྱི་རོལ་དུ་རྒྱལ་ཡོངས་འཐུས་ཚོགས་འཚོགས་པ་གཅིག་པུ་དེ་ཡིན་ཞིང་། དེར་ཀྲུང་གོའི་གསར་བརྗེའི་འཕེལ་རྒྱས་ལ་དམིགས་བསལ་གྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད།
         ཞིས་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱིས་ཀྲུང་གུང་ཚོགས་ཆེན་དྲུག་པའི་ལོ་རྒྱུས་ཀྱི་དོན་དག་དེར་གཅེས་སྤྲས་བྱེད་ཀྱི་ཡོད་ལ། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་ཀྱི་རྩ་ཆེའི་ལོ་རྒྱུས་ལའང་གཅེས་སྤྲས་བྱེད་ཀྱི་ཡོད། ཀྲུང་གུང་ཚོགས་ཆེན་དྲུག་པའི་ཚོགས་གནས་ཉམས་གསོ་བྱས་ཏེ་ཀྲུང་གུང་ཚོགས་ཆེན་དྲུག་པའི་ཚོགས་གནས་ཀྱི་རྒྱུན་འཛུགས་འགྲེམས་སྟོན་ཁང་བསྐྲུན་པར་བརྟེན་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་ཨུའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཁྱོངས་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཕུའུ་ཅིང་གིས་རྟེན་འབྲེལ་ཞུ་ཚིག་ནང་གསུངས་དོན། ཀྲུང་གུང་ཚོགས་ཆེན་དྲུག་པའི་ཚོགས་གནས་ཀྱི་རྒྱུན་འཛུགས་འགྲེམས་སྟོན་ཁང་ནི་ཨུ་ཀྲུང་ཐུན་མོང་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་དོན་དག་ལ་དྲན་གསོ་ཞུ་ཕྱིར་ཡིན་ཞིང་། དེ་ནི་ཨུ་ཀྲུང་གི་རིགས་གཅིག་མཁས་ཅན་གྱིས་བགྲང་བྱ་འགའི་རིང་ཐུན་མོང་ཐོག་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཀྱང་རེད། ལོ་རྒྱུས་ཀྱི་གནའ་ཤུལ་སྲུང་སྐྱོབ་བྱས་པ་དེས་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་བརྩི་བཀུར་དང་མཉམ་ལས་བྱེད་པར་གལ་ཆེའི་དོན་སྙིང་ལྡན་ཡོད་ལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་མཉམ་ལས་བྱ་རྒྱུ་ཚུད་པའི་ཨུ་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་ཐུབ་ངེས་རེད།