མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡན་ཏུང་གིས་མི་རིགས་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་
འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་14ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཡུན་ནན་དུ་བརྟག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁབ་ཁང་གི་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་ནས་སློབ་གསོ་སྔོན་ལ་གཉེར་རྒྱུ་མཐའ་འཁྱོངས་དང་། བདེ་ཐང་འགན་ལེན་ལ་ཤུགས་སྣོན། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་སློབ་ཞུགས་དང་ལས་ཞུགས་ནད་ལྟ་བ་སོགས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་བཅས་བྱས་ཏེ། མི་རིགས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཁར། དམངས་ཕྱུག་དང་། མཐའ་དར། རྒྱལ་ཁབ་སྟོབས་ཆེན། ཁྱིམ་མཚེས་བར་མཛའ་མཐུན་བཅས་ཡོང་བར་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         ཡུན་ནན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཞིང་ཆེན་ཞིག་ཡིན་ཞིང་། ལིའུ་ཡན་ཏུང་སློབ་གྲྭ་དང་། སྨན་ཁང་། ཚན་ཞིབ་རིག་གནས་སྡེ་ཚན་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད། ཏའེ་རིགས་དང་ཅི་ནུའི་རིགས་སོགས་གྲངས་ཉུང་མི་རིགས་གྲོང་སྡེར་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་དང་། གཞི་རིམ་ལས་བྱེད་པ། སློབ་གསོ་འཕྲོད་བསྟེན་ལས་དོན་པ་བཅས་དང་ཅི་གྲོས་མོལ་གྲོས་དང་། གནས་ཚུལ་དངོས་འདྲི་བ། འཕེལ་རྒྱས་ཀྱི་ཇུས་གཞི་འདིང་བ་བཅས་གནང་བ་རེད། ཁོང་གིས་ཡུན་ནན་གྱི་སྤྱི་ཚོགས་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་བཏོན་གནང་བའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་ཐུབ་པ་བྱེད་པར“མི་རིགས་གཅིག་ཀྱང་མ་ལུས་པ་བྱེད་དགོས་པའི”བླང་བྱ་ལག་བསྟར་བྱས་པ་དང་། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ནང་རང་འགུལ་གྱིས་ཞུགས་ནས། མཐའ་དར་དམངས་ཕྱུག་དང་། དབུལ་སྒྲོལ་འགག་སྒྲོལ། མི་རིགས་མཐུན་སྒྲིལ་བཅས་ཀྱི་ལས་དོན་ཟུང་འབྲེལ་བྱས་ཏེ་ཁྱད་ཆོས་ལྡན་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ཞེས་གསུངས་པ་རེད།
         ལིའུ་ཡན་ཏུང་གིས། ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་ཡིན་ཞིང་། ཕྱོགས་ཡོངས་ནས་རྨང་གཞིའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་། སྐད་གཉིས་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་ཞུགས་གོང་གི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ཏེ། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ས་ཁོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་ཞབས་འདེགས་ཞུ་བའི་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་མ་ཟད། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གསར་གཏོད་བྱས་ཁར། གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་གང་མགྱོགས་བྱེད་དགོས། ཕྱོགས་ཡོངས་ནས་ཁྱིམ་ཚང་གི་འཁོས་ཀ་ཞན་པའི་སློབ་མ་དབུལ་པོའི་རོགས་དངུལ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་མ་གཙོ་གནད་མཐོ་སློབ་ལ་སྐྱོད་ཐུབ་པར་འགན་ལེན་བྱེད་པའི་ཕུགས་འཕེར་ལམ་སྲོལ་བཙུགས་ནས། མི་རིགས་དང་མཐའ་མཚམས་ཁུལ་གྱི་ཕྲུ་གུ་ཚང་མས་དྲང་གཞག་དང་སྤུས་ཚད་ལྡན་པའི་སློབ་གསོ་དང་ལེན་ཐུབ་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས། མི་རིགས་ཁག་གི་སློབ་མས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བསམ་བློ་འཆང་བ་དང་། སློབ་སྦྱོང་ཧུར་ཐག་བྱེད་པ། ཕྱོགས་ཡོངས་ནས་འཕེལ་རྒྱས། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། འཛུགས་སྐྲུན་པ་དང་ཤུལ་འཛིན་པ་བཟང་པོ་ཞིག་བྱས་ནས་སླད་ཕྱིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་ཐུབ་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་ལེགས་སྐྱེས་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།
         ལིའུ་ཡན་ཏུང་གིས། དམངས་ཡོངས་བདེ་ཐང་ཡོང་བ་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་ཐུབ་པ་བྱེད་པའི་གལ་ཆེའི་འགན་ལེན་རེད་ལ། མི་རིགས་ཁག་གི་མང་ཚོགས་ཚོའི་ཐུན་མོང་གི་རེ་བའང་རེད། སྨན་བཅོས་ལམ་ལུགས་ལ་སྒྱུར་བཅོས་གཏིང་ཟབ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མ་ཟད། ཚགས་དམ་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་དང་། རྒྱང་ཁྲིད་སྨན་བཅོས། ཁ་གཏད་རོགས་སྐྱོར་སོགས་ཐབས་ཤེས་སྣ་ཚོགས་བརྒྱུད་སྨན་བཅོས་ཐོན་ཁུངས་གཤམ་གཏོང་ལ་སྐུལ་འདེད་གཏོང་བ་དང་། རིམ་དབྱེའི་སྨན་བཅོས་དང་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུར་སྐུལ་སྤེལ་གཏོང་བ། གཅོང་ནད་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྨན་བཅོས་ལྟེ་བར་བྱེད་པ་ནས་བདེ་ཐང་ལ་སྐུལ་འདེད་གཏོང་བ་ལྟེ་བར་བྱེད་པའི་བར་སྒྱུར་དགོས། བདེ་ཐང་དབུལ་སྐྱོར་འདུ་འགོད་ལག་ལེན་བསྟར་ནས་ས་ཁུལ་དབུལ་པོའི་ནད་འགོག་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཉེ་འཁོར་རྒྱལ་ཁབ་དང་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དེ་བས་གནད་ལ་འཁེལ་བའི་ནད་ཆེན་འགན་བཅོལ་སྲིད་ཇུས་ལག་ལེན་བསྟར་བ་དང་སྦྲགས། རིགས་ཁག་གི་སྨན་བཅོས་འགན་ལེན་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས། ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་མ་འགྱུར་སྔོན་འགོག་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་ཏའེ་རིགས་ཀྱི་གསོ་རིག་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་རྗེས། མི་རིགས་གསོ་རིག་ནི་ཀྲུང་ལུགས་གསོ་རིག་གི་གྲུབ་ཆ་གལ་ཆེན་ཡིན་པས། རོགས་སྐྱོར་ཤུགས་ཆེན་དང་རྒྱུན་འཛིན་གསར་གཏོད་ལ་སྐུལ་སྤེལ་གྱིས་དར་རྒྱས་གོང་འཕེལ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

  
2016-12-01 2016-11-30