མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཞལ་འཛོམས་ནང་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་02ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

                ཤིན་ཧྭ་གསར་འགྱུར་ཁང་པུ་དབྱི་ནོ་སི་ཨེ་རི་སི་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་30ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཞལ་འཛོམས་ཨ་ཀེན་ཐིན་གྱི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སིར་གནང་བ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མཱ་ཕུའུ་ས། པར་ཙིར་གྱི་ཙུང་ཐུང་ཐེ་མེར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མུའུ་ཏི་བཅས་ཞལ་འཛོམས་ནང་ཞུགས་ཡོད་པ་རེད། རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས་འཛམ་གླིང་གི་དཔལ་འབྱོར་དུས་བབ་དང་། མིག་སྔའི་འགྲན་སློང་ལ་ཁ་གཏད་གཅོག་པ། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་སོགས་ཀྱི་གྲོས་དོན་ལ་གཞིགས་ནས་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་བས་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་ཡོད་པ་རེད།
               ཞལ་འཛོམས་དེ་འབོ་གསེར་རྒྱལ་ཁབ་ལམ་སྲོལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མཱ་ཕུའུ་སས་གཙོ་སྐྱོང་གནང་བ་རེད།
              ཞི་ཅིན་ཕིང་གིས་འདི་ལོའི་ཟླ་7པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་གཡོད་ཧན་ནེ་སི་པའོ་རུ་གྲུབ་འབྲས་ཀྱིས་ཕྱུག་པའི་ཞལ་འཛོམས་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། མིག་སྔར། འཛམ་གླིང་དཔལ་འབྱོར་གྱི་ཉེན་ཁ་ཆེ་རུ་ཕྱིན་པ་དེས་ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཚོང་དོན་སྒྲིག་གཞིར་ཕོག་ཐུག་བྱུང་བ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་གྱི་མེད། མིག་སྔར་ལོ་བརྒྱ་ལའང་འཕྲད་པར་དཀའ་བའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བའི་རྒྱབ་ལྗོངས་འོག་འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཁ་ཕྱོགས་སྟངས་འཛིན། སྦྲེལ་གཏུག་མཐུན་སྦྱོར་དམ་ཟབ། འགན་འཁྲི་འཁུར་སེམས་མངོན་པ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཡང་དག་པའི་ལམ་བུར་བསྐྱོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་འཛམ་གླིང་དཔལ་འབྱོར་བརྟན་པོ་དང་། འཕེལ་རྒྱས། དར་རྒྱས་བཅས་ཡོང་བར་སྲུང་སྐྱོང་བྱེད་དགོས་པ་སྟེ།
           གཅིག་ནས་ང་ཚོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཕྱར་བ་གྲུ་འདེགས་ཀྱི་རོགས་ཟླའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་སྒྲིག་སྲོལ་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱས་ཏེ་འགྲན་སློང་ཆེན་པོར་ཁ་གཏད་གཅོག་རྒྱུར་སྐུལ་འདེད་གཏོང་དགོས།
            གཉིས་ནས་ང་ཚོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ཁ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱེད་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་འདོར་མི་རུང་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལོངས་སྤྱོད་བྱེད་པའི་དམིགས་བསལ་དང་ཁྱད་པར་ཡོད་པའི་ཐོབ་ཐང་ངེས་པར་དུ་འགན་ལེན་བྱེད་དགོས། ཚོང་དོན་འབྲེལ་བ་འདུམ་འགྲིག་ཐད་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩའི་མ་ལག་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་སྐད་ཆ་ཤོད་དབང་སྔར་བས་ཆེ་རུ་གཏོང་དགོས།
             གསུམ་ནས་ང་ཚོས་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཀྱི་གནད་དོན་དེ་གོ་ལ་ཧྲིལ་པོའི་སྲིད་ཇུས་སྒྲོམ་གཞིའི་ནང་གི་གནས་བབ་སྔོན་འཇོག་ལ་འབོ་གསེར་རྒྱལ་ཁབ་ཀྱིས་སྐུལ་ཁྲིད་བྱས་ཏེ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཐུན་མོང་ཡིན་ལ་དབྱེ་བ་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཁག་གིས་དུས་བཀག་ལྟར《ཕ་རི་སིའི་གྲོས་མཐུན》ལག་བསྟར་ཞིབ་སྲོལ་གྱི་གྲོས་མོལ་ལེགས་སྒྲུབ་ཡོང་བར་སྐུལ་འདེད་གཏོང་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གཞུང་ཕྱོགས་ཀྱིས་འཕེལ་རྒྱས་རོགས་སྐྱོར་གྱི་ཁས་ལེན་བསྒྲུབ་རྒྱུར་སྐུལ་འདེད་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་། ལག་རྩལ། ནུས་པ་ཆེར་གཏོང་བཅས་ལ་རྒྱབ་སྐྱོར་བྱེད་དགོས།
              བཞི་ནས་ང་ཚོས་འབོ་གསེར་གྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་དགོས། བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་མགྱོགས་མྱུར་བཏང་ནས་དཔལ་འབྱོར་འཕར་བའི་འགུལ་ནུས་གསར་པ་མཉམ་འབྲེལ་ཐོག་སྐྱེད་སྲིང་བྱེད་དགོས། “འབོ་གསེར་+”གྱི་མངོན་མེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབོ་གསེར་མཉམ་ལས་ཀྱིས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་ལ་ཕན་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
              ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཚང་མ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་གལ་ཆེན་ཞིག་ཡིན་པས་ཐུན་མོང་ཐོག་ཨ་ཀེན་ཐིན་གྱིས་ད་ཐེངས་ཀྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བའི་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་བྱེད་པ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན། གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངར་ཤུགས་འཕེལ་བར་བྱེད་དགོས། མི་རིང་བར་པར་ཙིར་གྱིས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས་ཕྱི་ལོའི་པར་ཙིར་ཕྱོགས་ཀྱི་ལས་དོན་ལ་ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། འབོ་གསེར་རྒྱལ་ཁབ་ཁག་དང་མཉམ་དུ་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
             ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། ཚོང་དོན་བཅས་ལ་འགྲན་སློང་དྲག་པོ་འཕྲད་ཡོད་ལ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་སྣང་ཚུལ་ལ་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད། དུས་བབ་དེ་འདྲའི་འོག་འབོ་གསེར་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་ལས་ལ་ཉིན་རེ་བཞིན་ཤུགས་སྣོན་ཐེབས་བཞིན་ཡོད་པས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་། ཚོང་དོན། ནུས་རྒྱུ། ཚན་རྩལ། དངུལ་རྩ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས། འབོ་གསེར་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་གཞི་སྲུང་སྐྱོང་། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱེད་པའི་ངར་ཤུགས་འཕེལ་བར་བྱས་ཏེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོ་དོ་སྙོམས་དང་བསྟུན་མཁས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། དྲང་གཞག་དང་ཕན་ཚུན་བརྩི་འཇོག་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་གྱི་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"