མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་23ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

        ཟླ་12ཚེས་19ནས་21ཉིན་བར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་19ནས་21ཉིན་བར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། 2018ལོའི་དཔལ་འབྱོར་གྱི་ལས་དོན་ལ་ཕྱོགས་སྡོམ་གནང་བ་དང་། མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་གནང་བ། 2019ལོའི་དཔལ་འབྱོར་གྱི་ལས་དོན་བཀོད་སྒྲིག་བཅས་གནང་ཡོད་པ་རེད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་དུས་སང་གི་དཔལ་འབྱོར་ལས་དོན་ལ་ཞིབ་ཕྲའི་བཀོད་སྒྲིག་གནང་བ་དང་སྦྲགས་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་འདི་ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གནང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། བརྟན་ཐོག་ཡར་བརྩོན་གྱིས་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་གཏིང་ཟབ་ལ་ཁ་གཏད་ནུས་ལྡན་བཅག་པ། དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་པ་དང་ལས་དོན་ཏན་ཏིག་བསྒྲུབས་པ། སྤྱི་ཁོག་སྙོམས་སྒྲིག་གི་དམིགས་ཚད་ལེགས་སྒྲུབ་ཡག་པོ་བྱས་པ། འགག་སྒྲོལ་དམག་འཐབ་ཆེ་གྲས་གསུམ་གྱི་འགོ་ཡག་པོ་བཙུགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་བཏང་བ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་བ། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་རྩོད་གཞིར་བརྟན་པོའི་ངང་ཁ་གཏད་བཅག་པ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་པ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་གོམ་པ་གསར་པ་སྤོས་ཡོད་པ་རེད། གྲུབ་འབྲས་འདི་དག་ནི་ཐོབ་པར་དཀའ་བ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
         ཚོགས་འདུའི་ཐོག་ལོ་གཅིག་རིང་ང་ཚོས་ལག་ལེན་ཁྲོད་དུས་བབ་གསར་པའི་འོག་གི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་དང་། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཕྱོགས་སྟོན་དེད་དཔོན་གྱི་ནུས་པ་འདོན་སྤེལ་བྱས་པ། ངེས་པར་དུ་དུས་ཡུན་རིང་པོའི་འཕེལ་ཕྱོགས་ཆེན་པོ་ནས་མིག་སྔའི་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་རང་རྒྱལ་གྱི་དུས་ཡུན་རིང་པོ་ལེགས་སུ་འགྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ངོས་འཛིན་ཁ་གསལ་ཡོང་བ་བྱས་པ། ངེས་པར་དུ་སྤྱི་ཁོག་སྙོམས་སྒྲིག་གི་ཚད་གཞིར་སྟངས་འཛིན་ཡང་དག་བྱས་ཏེ་རང་འགུལ་ངང་སྔོན་ཚུད་ནས་སྙོམས་སྒྲིག་དང་། སྙོམས་སྒྲིག་ཕྲ་མོ། སྲིད་ཇུས་ཀྱི་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ། ངེས་པར་དུ་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བརྒྱབ་ནས་དམིགས་སའི་རང་བཞིན་ཡོད་པའི་ངང་ཁྲོམ་རའི་སྔོན་དཔག་ལ་ཁྲིད་སྟོན་བྱས་པ། ངེས་པར་དུ་ཕྱོགས་ཁག་གི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཏེ་སྤྱི་ཡོངས་ཀྱི་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བསྟན་ཡོད།
         ཚོགས་འདུའི་ཐོག་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག་དཔལ་འབྱོར་གྱི་འཁོར་སྐྱོད་བརྟན་པོའི་ཁྲོད་འགྱུར་ལྡོག་ཡོད་པ་དང་། འགྱུར་ལྡོག་གི་ཁྲོད་སེམས་ཁྲལ་ཡོད་པ། ཕྱི་ངོས་ཁོར་ཡུག་རྙོག་འཛིང་ཆེ་ལ་ནན་པ། དཔལ་འབྱོར་ཞན་དུ་འགྲོ་བའི་གནོན་ཤུགས་བཅས་མཐོང་དགོས། གནད་དོན་འདི་དག་ནི་མདུན་སྐྱོད་ཁྲོད་ཀྱི་གནད་དོན་ཞིག་ཡིན་པས་དུས་ཐུང་གི་གནད་དོན་ཡོད་ལ་ཡུན་རིང་གི་གནད་དོན་ཡང་ཡོད་པ་དང་། དུས་འཁོར་གྱི་རང་བཞིན་ཡོད་ལ་གྲུབ་ཆའི་རང་བཞིན་ཡང་ཡོད། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འགལ་བ་གཙོ་བོར་དམ་འཛིན་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཐག་གཅོད་དགོས་པའི་ནན་བཤད་བྱས་ཡོད།
        ཚོགས་འདུའི་ཐོག་རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་དུས་སུ་སྔར་བཞིན་གནས་པ་དང་ཡུན་རིང་གནས་སྲིད། འཛམ་གླིང་ལ་ལོ་བརྒྱ་ཡི་རིང་འབྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འཕྲད་པ་དང་འགྱུར་ལྡོག་ཁྲོད་ཉེན་ཁ་དང་གོ་སྐབས་མཉམ་དུ་གནས་པ་དེས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་གོ་སྐབས་གལ་ཆེན་འཐོབ་སྲིད། ཉེན་ཁ་གོ་སྐབས་སུ་སྒྱུར་བ་དང་ཉེན་ཁ་ནས་བདེ་འཇགས་སུ་གྱུར་བར་བྱས་ཏེ་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་ནང་དོན་གསར་པར་དམིགས་ནས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ་མཐོ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། ལྗང་མདོག་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ཁྲོད་ཞུགས་ནས་གནོན་ཤུགས་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས་པ་བསྟན་ཡོད།
         ཚོགས་འདུའི་ཐོག་དུས་སང་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགག་རྩའི་ལོ་ཡིན་པས་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་མཐའ་འཁྱོངས། ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་མཐའ་འཁྱོངས། ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་མགྱོགས་པོ་འཛུགས་པ། འགག་སྒྲོལ་དམག་འཐབ་ཆེ་གྲས་གསུམ་མུ་མཐུད་ཡག་པོ་རྒྱག་པ། བྱེ་བྲག་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ། སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ལུགས་མཐུན་གྱི་བར་མཚམས་སུ་དཔལ་འབྱོར་འཁོར་སྐྱོད་རྒྱུན་འཁྱོངས་དང་ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། ཕྱི་དངུལ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་བྱས་ནས་ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཀྱི་སེམས་པ་བཅས་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལས་དོན་ལེགས་སྒྲུབ་བྱ་ཆེད་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་བ་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་བཤད་གནང་ཡོད།
        ཚོགས་འདུའི་ཐོག་སྤྱི་ཁོག་སྲིད་ཇུས་ཐད་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་གཟབ་ནན་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ། དུས་མཚམས་ནང་སྔོན་ཚུད་ནས་སྙོམས་སྒྲིག་དང་སྙོམས་སྒྲིག་ཕྲ་མོ་བྱེད་པ། སྤྱིའི་བླང་བྱ་བརྟན་པོ་ཡོད་པ་བཅས་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་མཐོ་རུ་གཏོང་བ་དང་། གཞི་ཁྱོན་སྔར་བས་ཆེ་བའི་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་དམའ་རུ་གཏོང་བ། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་གྱི་གཞི་ཁྱོན་ཚད་གཞི་ཅུང་མཐོ་བའི་སྒོ་ནས་ཆེ་རུ་གཏོང་དགོས། གཟབ་ནན་གྱི་དངུལ་ལོར་སྲིད་ཇུས་ལ་དམ་ལྷོད་རན་པོ་དགོས་པ་དང་། འཁོར་རྒྱུག་རང་བཞིན་གྱི་འདང་ལྷག་ལུགས་མཐུན་ཡོད་པ་རྒྱུན་འཁྱོངས། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ལམ་སྲོལ་ལེགས་སུ་གཏོང་བ། ཐད་ཀའི་མ་རྩ་མཉམ་འདྲེས་ཀྱི་བསྡུར་གྲངས་མཐོ་རུ་གཏོང་བ། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་རྩ་མཉམ་འདྲེས་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས། གྲུབ་ཆའི་རང་བཞིན་གྱི་སྲིད་ཇུས་ཐད་ལམ་སྲོལ་དང་སྒྲིག་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ལ་སྒུལ་ཤུགས་སྣོན་པ་མཐའ་འཁྱོངས། གཞུང་རྒྱུ་དང་རྒྱལ་ཁབ་ཁེ་ལས་དང་། ནོར་ཁྲལ་དང་དངུལ་རྩ། ས་ཞིང་། ཁྲོམ་རའི་འཇུག་འཐུས། སྤྱི་ཚོགས་དོ་དམ་སོགས་ཀྱི་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་གཏོང་བ། འགྲན་རྩོད་སྲིད་ཇུས་ཀྱི་རྨང་གཞིའི་རང་བཞིན་གྱི་གནས་བབ་མཐོ་རུ་གཏོང་བ། གཞུང་དྲང་འགྲན་རྩོད་ཀྱི་ལམ་ལུགས་ཁོར་ཡུག་གཏོད་པ། ཁེ་ལས་འབྲིང་ཆུང་མགྱོགས་མྱུར་འཚར་ལོངས་ཡོང་བར་སྐུལ་ལྕག་བཅས་བྱེད་དགོས། སྤྱི་ཚོགས་ཀྱི་སྲིད་ཇུས་ལ་ཐ་སྐྱོང་གི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། ལས་ཞུགས་སྔོན་དུ་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་བ། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཐའ་ཚད་འགན་ལེན་བྱེད་པ། ཞབས་འདེགས་ཞུ་རིང་དོ་དམ་བཅས་བྱེད་དགོས་ལུགས་བསྟན་ཡོད།
        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་འགལ་བ་གཙོ་བོ་ནི་སྔར་བཞིན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ཡིན་པས་ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་དང་། སྒྱུར་བཅོས་ཀྱི་བྱེད་ཐབས་སྔར་བས་མང་བ་འདོན་པ་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱ་ཐབས་སྔར་བས་མང་བ་སྤྱོད་པར་བརྟེན་ནས“སྲ་བརྟན་དང་། ཆེར་གཏོང་། མཐོར་གཏོང་། ཤར་གཏོང”བཅས་ཡི་གེ་བརྒྱད་ཀྱི་ཐད་ཤུགས་སྣོན་རྒྱག་དགོས། “གསུམ་དོར་གཅིག་གཅོག་གཅིག་གསབ”ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཐོན་ནུས་ལྷག་མའི་ལས་རིགས་སྔར་བས་མང་བ་མགྱོགས་མྱུར་གཙང་བཟོ་ཡོང་བར་སྐུལ་མ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་རིགས་ཁག་གི་ཚོང་གཉེར་མ་གནས་དམའ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བྱེ་བྲག་བྱེད་པོའི་གསོན་ཤུགས་ཆེ་རུ་བཏང་ནས་ཁེ་ལས་དང་ཁེ་ལས་མཁས་ཅན་གྱི་རང་སྟོབས་ཀྱི་ནུས་པ་འདོན་པ་དང་། འདྲ་མཉམ་དང་། སྒོ་དབྱེ། གསལ་པོ་བཅས་ཀྱི་ཁྲོམ་རའི་སྒྲིག་སྲོལ་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་པ། དྲང་ཕྱོགས་ཀྱི་སྐུལ་ལྕག་དང་བཟང་རྒྱལ་ཞན་ཕམ་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཕུལ་བྱུང་སྔར་བས་མང་བ་གོང་འཕེལ་ཡོང་བར་བྱེད་དགོས། ཐོན་ལས་འཁོར་འབྲེལ་གྱི་ཆུ་ཚད་མཐོ་རུ་བཏང་ནས་ལག་རྩལ་གསར་གཏོད་དང་གཞི་ཁྱོན་གྱི་ཕན་འབྲས་ལས་བྱུང་བའི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྤྱོད་པར་སྣང་ཆེན་གྱིས་ཐོན་ལས་ཚོམ་བུ་གསར་པ་སྐྱེད་སྲིང་དང་གོང་འཕེལ་གཏོང་དགོས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པར་བྱས་ནས་གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་དེང་རབས་ཁྲོམ་རའི་མ་ལག་མགྱོགས་མྱུར་སྐྲུན་པ་དང་། དངུལ་རྩའི་མ་ལག་གིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ། རྒྱལ་ནང་གི་ཁྲོམ་ར་དང་ཐོན་སྐྱེད་བྱེད་པོ། དཔལ་འབྱོར་འཕར་བ། ལས་ཞུགས་ཆེར་གཏོང་། དངུལ་རྩ་དང་དངོས་ཚན་དཔལ་འབྱོར་གྱི་འཁོར་རྒྱུག་བཟང་པོ་བཅས་ཆགས་པར་བྱེད་དགོས།
       ཚོགས་འདུའི་ཐོག་སང་ལོར་གཤམ་གསལ་གྱི་ལས་ཀའི་ལས་འགན་གཙོ་བོར་དམ་འཛིན་ཡག་པོ་བྱེད་རྒྱུའི་གཏན་འཁེལ་བྱས་པ་རེད།
        གཅིག་ནི་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་གཏིང་ཟབ་མཉམ་འདྲེས་ལ་སྐུལ་མ་བཏང་ནས་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་བློ་བརྟན་འགྱུར་མེད་ངང་སྐྲུན་དགོས། ཁེ་ལས་ཀྱི་བཟང་རྒྱལ་ཞན་ཕམ་ལ་སྐུལ་མ་བརྟན་པོ་བཏང་ནས“བེད་མེད་ཁེ་ལས”ཐག་གཅོད་མགྱོགས་པོ་བྱེད་པ། ཕྱིར་འཐེན་གྱི་ལག་བསྟར་བྱེད་ཐབས་བཟོ་བ། ལག་རྩལ་གསར་པ་དང་། སྒྲིག་འཛུགས་ཀྱི་རྣམ་པ་གསར་པ། ཐོན་ལས་ཀྱི་ཚོམ་བུ་གསར་པ་ཆགས་པ་དང་འཕེལ་རྒྱས་བཅས་ལ་སྐུལ་མ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་སྒོ་དབྱེ་དང་། གཞོགས་འདེགས། ནུས་ཆེ་བཅས་ཀྱི་སྤྱིའི་ལག་རྩལ་ཞིབ་སྤེལ་གྱི་ལས་སྟེགས་བཟོ་བ་དང་། དགོས་མཁོ་ཕྱོགས་སྟོན་དང་ཁེ་ལས་བྱེད་པོ་ཡིན་པའི་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་གསར་གཏོད་ལམ་སྲོལ་བཟོ་བ། རྒྱལ་ཁབ་ཚོད་ལྟ་ཁང་བཀོད་སྒྲིག་ལ་དམ་འཛིན། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་མ་ལག་བསྐྱར་སྒྲིག ཁེ་ལས་འབྲིང་ཆུང་གི་གསར་གཏོད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བཅས་བྱས་ནས་གསར་གཏོད་སྐུལ་ལྕག་གི་ལམ་སྲོལ་ནུས་ལྡན་ཆགས་པར་བྱེད་དགོས།
        གཉིས་ནི་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ཆགས་པར་སྐུལ་མ་གཏོང་དགོས། རང་རྒྱལ་གྱི་ཁྲོམ་རའི་གཞི་ཁྱོན་འཛམ་གླིང་གི་མདུན་གྲལ་དུ་སླེབས་པས་སླད་ཕྱིན་མི་མངོན་པའི་ནུས་པ་སྔར་ལས་ཆེ་བ་ཡོད། མཐར་ཐུག་གི་དགོས་མཁོ་ཧུར་ཐག་བསྐངས་ཏེ་ཐོན་ཟོག་གི་སྤུས་ཚད་མཐོ་རུ་གཏོང་བ་དང་སློབ་གསོ་དང་། བུ་གསོ། རྒན་གསོ། སྨན་བཅོས། རིག་གནས། ཡུལ་སྐོར་སོགས་ཞབས་ཞུའི་ལས་རིགས་གོང་འཕེལ་མགྱོགས་སུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ། མི་སྒེར་གྱི་ཐོབ་ཁྲལ་ཆེད་དོན་ཟུར་སྣོན་འཕྲི་གཅོག་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱེད་པ། འཛད་སྤྱོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མི་སེར་ཚོས་ཟས་ལ་བློས་འཁེལ་བ་དང་། གོས་ལ་ཡིད་ཚིམ་པ། བེད་སྤྱོད་ཐད་བློ་བདེ་བ་བཅས་ཡོང་བར་བྱེད་དགོས། རང་རྒྱལ་འཕེལ་རྒྱས་ཀྱི་ད་ལྟའི་དུས་མཚམས་ཀྱི་མ་འཇོག་དགོས་མཁོའི་མི་མངོན་པའི་ནུས་པ་སྔར་བས་ཆེ་བར་བརྟེན། མ་འཇོག་གི་འགག་རྩའི་ནུས་པ་བཏོན་ནས་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་སྒྱུར་བཀོད་དང་སྒྲིག་ཆས་གསར་སྒྱུར་ཆེ་རུ་གཏོང་བ། 5Gཡི་ཚོང་སྤྱོད་གོམ་སྟབས་མགྱོགས་སུ་གཏོང་བ། མི་ཐབས་རིག་ནུས་དང་། བཟོ་ལས་དྲ་སྦྲེལ། དེ་བཞིན་ཟོག་འབྲེལ་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དབར་གྱི་འགྲིམ་འགྲུལ་དང་། ཟོག་འགྲེམས། གྲོང་སྲིད་རྨང་གཞིའི་སྒྲིག་བཀོད་སོགས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་ཁ་གསབ། རང་བྱུང་གནོད་འཚེ་འགོག་སེལ་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
         གསུམ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་ལས་དང་གྲོང་གསེབ་སྔོན་དུ་གོང་འཕེལ་གཏོང་བ་མཐའ་འཁྱོངས་བྱས་ཏེ་ཞིང་ལས་དང་ལྷག་དོན་དུ་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་གང་ལེགས་བྱེད་པ་དང་། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གནད་སར་འཁྱོལ་བར་སྐུལ་མ་གཏོང་བ། “འབྲུ་རིགས་དང་། དཔལ་འབྱོར་སྐྱེ་དངོས། གཟན་རྩྭ”བཅས་ཀྱི་གྲུབ་ཆ་སྙོམས་སྒྲིག་ལུགས་མཐུན་བྱེད་པ། ལྗང་མདོག་ཞིང་ལས་ཐོན་ཟོག་སྤུས་ལེགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁྱིམ་ཚང་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ལ་མཐོང་ཆེན་དང་ཞིང་དུད་ཆུང་བའི་ཐོན་སྐྱེད་གཉེར་སྐྱོང་ལ་འཕྲད་པའི་དཀའ་ངལ་སེལ་བར་དོ་སྣང་བྱས་ཏེ་ཁོ་ཚོ་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོར་ཞུགས་སུ་འཇུག་དགོས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་བཅོས་བྱས་ཏེ་གད་སྙིགས་དང་བཙོག་ཆུ་གཙོ་གནད་གཙང་སེལ་དང་། གསང་སྤྱོད་གསར་བརྗེ། གྲོང་ཚོའི་བཀོད་པ་ལེགས་བཅོས་བཅས་ཡག་པོ་སྒྲུབ་དགོས། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟ་གསུམ་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་གང་ལེགས་བྱེད་པ་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མུ་མཐུད་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས།
         བཞི་ནི་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས། དབུས་རྒྱུད་ས་ཁུལ་དར་བ། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་གཏོང་བ་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། མིག་སྔར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེ་མོ། འབྲི་ཆུའི་ཟུར་གསུམ་ཁུལ་སོགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཁྱད་ཆོས་གསར་པ་མང་པོ་མངོན་པ་དང་། གཞི་ཁྱོན་ཆེ་བའི་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་དུ་འགྲོ་འགོ་ཚུགས་པ། 
        རྨང་གཞིའི་སྒྲིག་བཀོད་ཚགས་ཚུད་ཚད་དང་དྲ་རྒྱ་ཅན་གྱི་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། གསར་གཏོད་ཀྱི་གཞི་རྒྱུ་གཅིག་སྡུད་མྱུར་པོ་བྱུང་བ། གཙོ་ཁྲིད་ཐོན་ལས་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་བཅས་ཀྱི་ཁྱད་ཆོས་གསར་པ་མངོན་གསལ་དོད་པས། ས་ཁུལ་དེ་དག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་འབྱུང་ས་གལ་ཆེན་ལ་འགྱུར་བར་བྱེད་དགོས།
        ལྔ་ནི་དཔལ་འབྱོར་གྱི་སྒྲིག་གཞིའི་སྒྱུར་བཅོས་མགྱོགས་སུ་གཏོང་དགོས། གདུང་བཞི་ཀ་བརྒྱད་ཀྱི་ངོ་བོའི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་བྱེ་བྲག་བྱེད་པོའི་གསོན་ཤུགས་ཆེ་རུ་གཏོང་བ་གཙོ་གནད་དུ་བཟུང་སྟེ་འབྲེལ་ཡོད་སྒྱུར་བཅོས་ཟབ་ཏུ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་མགྱོགས་སུ་བཏང་ནས་སྲིད་ཁེ་ལོགས་དབྱེ་དང་། སྲིད་གཞུང་དང་མ་རྩ་ལོགས་དབྱེ། འདྲ་མཉམ་འགྲན་རྩོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གཞུང་ཁོངས་མ་རྩ་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས་པ་དང་། ཁེ་ལས་ལ་དོ་དམ་ནས་མ་རྩར་དོ་དམ་བྱེད་པའི་བར་འགྱུར་ལྡོག་མྱུར་པོ་བཏང་སྟེ་གཞུང་ཁོངས་མ་རྩའི་མ་འཇོག་ཁེ་ལས་ཁག་གཅིག་བསྐྱར་སྒྲིག་བྱས་ནས་འཛུགས་པ་དང་གཞུང་ཁོངས་མ་རྩའི་གཉེར་སྐྱོང་ཀུང་སི་ཁག་གཅིག་བཙུགས་ཏེ་དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་དང་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་མ་རྐང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་མྱུར་པོ་གཏོང་དགོས། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ཁྲིམས་སྐྱོང་ཅན་གྱི་ལམ་ལུགས་ཀྱི་ཁོར་ཡུག་ཅིག་བཏོད་ནས་དམངས་གཉེར་ཁེ་ལས་མཁས་ཅན་གྱི་མི་ལུས་བདེ་འཇགས་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་དགོས། དངུལ་རྩའི་མ་ལག་གི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་བ་གཙོ་གནད་དུ་བཟུང་སྟེ་དངུལ་རྩའི་སྒྲིག་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། དམངས་གཉེར་དངུལ་ཁང་དང་སྡེ་ཁུལ་དངུལ་ཁང་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་གྱི་ཚོང་ལས་དངུལ་ཁང་དང་། གྲོང་གསེབ་ཀྱི་ཚོང་ལས་དངུལ་ཁང་། གྲོང་གསེབ་ཀྱི་ཡིད་རྟོན་མཉམ་ལས་ཁང་བཅས་ཀྱི་ལས་སྒོ་རིམ་བཞིན་རང་འཇགས་ལོག་རྒྱུར་སྐུལ་འདེད་གཏོང་དགོས། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ལྟ་འདོམས་དང་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་དགོས།
       དྲུག་ནི་ཕྱོགས་ཀུན་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་དགོས། དུས་བབ་གསར་པར་བསྟུན་པ་དང་ཁྱད་ཆོས་གསར་པར་སྟངས་འཛིན་བྱས་ཏེ་ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་ངེས་མེད་རང་བཞིན་གྱི་སྒོ་དབྱེ་སྒྲིག་སྲོལ་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེར་སྒྱུར་བར་སྐུལ་འདེད་གཏོང་དགོས། ཁྲོམ་རའི་ཆོག་འཐུས་ལྷུག་ཏུ་བཏང་ནས་ཞུགས་མཆན་མ་ཐོབ་གོང་གི་རྒྱལ་དམངས་ཐོབ་ཐང་དང་བཀག་རྒྱའི་གསལ་ཐོའི་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཚོང་པའི་ཁྲིམས་མཐུན་ཁེ་དབང་དང་ལྷག་དོན་དུ་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱེད་པ་དང་ཁྱབ་ཁོངས་དེ་བས་མང་བར་མ་རྩ་ཁེར་འཇོག་གིས་གཉེར་སྐྱོང་བྱེད་དུ་འཇུག་དགོས། ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་རྒྱ་ཆེར་བཏང་སྟེ་ཕྱིར་གཏོང་ཁྲོམ་ར་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བ་དང་ནང་འདྲེན་ལྷུ་ཚིགས་ཀྱི་ལམ་ལུགས་རང་བཞིན་གྱི་མ་གནས་ཆུང་དུ་གཏོང་དགོས།
       བདུན་ནི་དམངས་འཚོ་འགན་ལེན་དང་ལེཌ་སུ་གཏོང་བར་ཤུགས་སྣོན་རྒྱག་དགོས། ལམ་ལུགས་འཐུས་སྒོ་ཚང་དུ་དང་མཐའ་ཚད་བསྲུངས་ཏེ་དམངས་འཚོའི་ལས་དོན་ཁག་ཞིབ་ཚགས་དང་ཡག་པོ་སྒྲུབ་དགོས། ལས་ཞུགས་བརྟན་དུ་གཏོང་བ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་། ཞིང་འབྲོག་ལས་མི། དམག་ཞབས་ཐིམས་པའི་དམག་མི་སོགས་ཚོགས་སྤྱིའི་ལས་ཞུགས་གཙོ་གནད་ཐག་གཅོད་བྱེད་དགོས། སློབ་ཞུགས་གོང་གི་སློབ་གསོ་དང་། གྲོང་གསེབ་ཀྱི་ས་ཁུལ་དབུལ་པོའི་བྱིས་པའི་ཐོག་མའི་འཕེལ་རྒྱས། ལས་རིགས་སློབ་གསོ་སོགས་ལ་མ་རྩ་གཏོང་ཤུགས་ཆེ་རུ་གཏོང་དགོས། རྒན་གསོ་ལྟ་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་ཆེན་པོའི་རྒན་གསོ་དཀའ་བའི་གནད་དོན་ཧུར་ཐག་སེལ་དགོས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་དང་། བདེ་འཇགས་ཐོན་སྐྱེད་དང་འགྲིམ་འགྲུལ་གྱི་བདེ་འཇགས་ལ་ནུས་ཤུཌ་དེ་བས་ཆེན་པོས་དམ་འཛིན་ཡག་པོ་བྱེད་དགོས།

  
style="display:none;"