མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྲའན་ཤིས་ཡུས་ལིན་དུ་རྟོག་ཞིབ་གནང་སྐབས། བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། ཡང་འབད་བསྐྱར་འབད་བཅས་བྱས་ནས་ཧྲའན་ཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་
རྩོམ་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་17ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་9ཚེས་13དང་ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་13ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཡུས་ལིན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས་ཁེ་ལས་ཀྱི་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

ཟླ་9ཚེས་13དང་ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་13ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཡུས་ལིན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས་ཁེ་ལས་ཀྱི་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཡུས་ལིན་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ། བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། ཡང་འབད་བསྐྱར་འབད་བཅས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་སྤྱི་འདོམས་ཡག་པོ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱེད་པ་བཅས་བྱས་ནས་ཧྲའན་ཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
     ཟླ་9ཚེས་13ཉིན་དང་ཚེས་14ཉིན། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་གོ་ཀྲུང་དང་ཧྲེང་ཀྲང་ཀྲའོ་དབྱི་ཏེ་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་ཁེ་ལས་དང་། གྲོང་གསེབ། སློབ་གྲྭ གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་སོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
     ཚེས་13ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་དང་ཐོག་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཡུས་ལིན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིར་ཕེབས་ནས་འཁོར་རྒྱུག་དཔལ་འབྱོར་གྱི་རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད་རྣམ་གྲངས་འཆར་འགོད་དང་། འཛུགས་སྐྲུན། འཁོར་རྒྱུག་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ལྟེ་བའི་ཚོད་འཛིན་ཁང་དུ་ཞི་ཅིན་ཕིང་གིས་རྣམ་གྲངས་ཀྱི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་དང་ཁེ་ལས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་མཐའ་འཁྱོངས་དང་བདེ་འཇགས་དང་། བརྟན་པོ། དྭངས་གཙང་བཅས་ཀྱི་འཁོར་རྒྱུག་མཐའ་འཁྱོངས་བྱེད་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད། དེ་རྗེས། ཞི་ཅིན་ཕིང་གིས་ལོ་རེར་ཁ་གཉིས་ཁྲུན་ཏུན་ཁྲི་40ཐོན་པའི་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་གཟིགས་ཞིབ་གནང་ནས་རྡོ་སོལ་རྫས་འགྱུར་བཟོ་ལས་ཀྱི་འཕེལ་རྒྱས་དང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་དང་ཆབས་ཅིག ཁེ་ལས་ཀྱི་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད། ཁོང་གིས་ཡུས་ལིན་ནི་རྒྱལ་ཁབ་ཀྱི་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྡོ་སོལ་ནི་རང་རྒྱལ་གྱི་ནུས་རྒྱུ་གཙོ་བོ་ཞིག་ཡིན་པས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཁ་ཕྱོགས་ལ་གཞིགས་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་ལས་འགན་མངོན་འགྱུར་དང་དཔེ་བསྡུར་བྱས་ཏེ་རྒྱལ་བབ་ལ་གཞི་ཚུགས་པ་དང་། སྤྱི་འབོར་ཚོད་འཛིན། མཐའ་ཚད་སྲུང་བ་བཅས་ཀྱི་སྒོ་ནས་གོ་རིམ་ལྡན་པའི་ངང་འབོར་འཕྲི་ཚབ་བྱེད་དང་རྡོ་སོལ་འཛད་སྤྱོད་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། རྡོ་སོལ་རྫས་འགྱུར་བཟོ་ལས་ཐོན་ལས་ལ་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེ་བ་དང་མདུན་ལམ་ཆེན་པོ་ཡོད་པས། རྡོ་སོལ་དེ་རྫས་འགྱུར་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆར་བརྩིས་ནས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། རྡོ་སོལ་རྫས་འགྱུར་བཟོ་ལས་ཐོན་ལས་རྩེར་སོན་ཅན་དང་། སྣ་མང་ཅན། ཐཱན་ཉུང་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དེ་གལ་འགངས་ཆེ་ཤོས་ཀྱི་ལས་འགན་ལ་བརྩིས་ནས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་བྱེད་མགྱོགས་སུ་གཏོང་བ། རྡོ་སོལ་ལ་བརྟེན་པའི་དམིགས་བསལ་འབུད་རྫས་དང་རྡོ་སོལ་ལ་བརྟེན་པའི་སྐྱེ་དངོས་བཞུར་བདེའི་རྒྱུ་ཆ་སོགས་འཕེལ་རྒྱས་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་13ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་སྨི་ཀྲི་རྫོང་དབྱིན་ཀྲོའུ་ཁྲོམ་གཞུང་ཀའོ་ཤིས་ཀོའུ་གྲོང་ཚོར་གཟིགས་ཞིབ་གནང་བར་ཕེབས་པ་རེད། ལུང་ཤུར་དུ་ཤིང་འབྲས་ལྡུམ་ར་དང་། ནགས་ས། སྐས་ཞིང་། འདམ་གཤོང་ཐང་བཅས་གྲལ་སྟར་འགྲིག་པོར་གནས་ཤིང་། སྟོན་ཐོག་མའི་དུས་ཀྱི་ས་སེར་མཐོ་སྒང་དུ་སྔར་བཞིན་སྔོ་ལྗང་གོས་ཀྱིས་བཀླུབས་ཡོད་པ་དང་། ལམ་བར་དུ་ཞི་ཅིན་ཕིང་གིས་སྐབས་སྐབས་སུ་རླངས་འཁོར་ནས་བབས་ཏེ་ཞིང་ནང་དུ་ཕེབས་ནས་ལོ་ཏོག་དང་མ་རྨོས་ལོ་ཏོག་སོགས་ཀྱི་སྐྱེ་འཚར་ལ་གཟིགས་ཞིབ་གནང་བ་དང་། ཞིང་ནང་དུ་ལས་ཀ་བྱེད་བཞིན་པའི་མང་ཚོགས་ལ་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ། ཁོང་ཚོར་ཐོན་སྐྱེད་གཉེར་སྐྱོང་དང་། ཁྱིམ་ཚང་གི་ཡོང་འབབ། སྨན་བཅོས་འགན་སྲུང་། བུ་ཕྲུག་སློབ་ཞུགས། ལས་ཞུགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཀའོ་ཤིས་ཀོའུ་གྲོང་ཚོའི་ལུང་ཐོའུ་རི་བོའི་སྟེང་དུ་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཀའོ་ཤིས་ཀོའུ་གྲོང་ཚོས་ས་སེར་དེའུ་འབུར་དང་གྲོག་རོང་ཁུལ་འཚོལ་ཞིབ་བྱས་ནས་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཚུལ་གྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས། ཀའོ་ཤིས་ཀོའུ་གྲོང་ཚོ་ནི་ས་སེར་མཐོ་སྒང་གི་སྐྱེ་ཁམས་བཅོས་སྐྱོང་བྱས་པའི་མ་དཔེ་ཞིག་རེད། ཁྱེད་ཚོས་རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་དུས་བསྟུན་འཕེལ་རྒྱས་ཀྱིས་གྲོང་གསེབ་ཀྱི་བྱ་གཞག་འཕེལ་རྒྱས་བཏང་བའི་ལམ་བུ་དེ་ནི་འགྲིག་པ་ཞིག་རེད། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་བཅོས་སྐྱོང་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཟུང་འབྲེལ་དམ་ཟབ་ཀྱིས་སྐྱེ་ཁམས་དང་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལམ་བུ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།
     ཀའོ་ཤིས་ཀོའུ་གྲོང་ཚོ་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་སྨི་ཀྲི་རྫོང་གྲོང་གི་ཤར་ལྷོའི་མཚམས་སུ་གནས་པའི་དབྱང་ཅ་ཀོའུ་གསར་བརྗེའི་གནས་རྙིང་དུ་ཕེབས་པ་རེད། 1947ལོའི་ལོ་མཇུག་ཏུ། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་དབྱང་ལས་ཁུངས་ཀྱི་སྣེ་ཁྲིད་གནང་ནས་དབྱང་ཅ་ཀོའུ་གྲོང་ཚོར་ཕེབས་ཏེ་དེ་གར་ཟླ་4ལྷག་ཙམ་འཐབ་འཛིང་དང་འཚོ་བ་བསྐྱལ་གནང་ནས་རྒྱལ་ཡོངས་བཅིངས་འགྲོལ་དམག་འཁྲུག་དང་ནུབ་བྱང་དམག་འཁྲུག་ལ་བཀོད་འདོམས་གནང་བ་དང་། ས་ཞིང་བཅོས་སྒྱུར་ལས་འགུལ་ལ་འགོ་ཁྲིད་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི“ཟླ་བཅུ་གཉིས་པའི་གྲོས་ཚོགས”འཚོག་སའི་གནས་རྙིང་དང་། མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པ། ཀྲོའུ་ཨེན་ལའེ་ཡི་བཞུགས་གནས་རྙིང་པ་སོགས་ལ་གཟིགས་སྐོར་གནང་ནས། གསར་བརྗེའི་ལོ་རྒྱུས་ལ་རྗེས་དྲན་དང་གསར་བརྗེའི་སྔོན་བྱོན་པའི་རླབས་ཆེའི་བྱས་རྗེས་ལ་དྲན་གསོ་གནང་བ་རེད། ཞི་ཅིན་ཕིང་གིས། སྲིད་ཇུས་དང་འཐབ་ཇུས་ནི་ཏང་གི་སྲོག་རྩ་ཡིན། ལོ་ངོ་བརྒྱ་ལྷག་ཙམ་ནང་། རང་རེའི་ཏང་བསམ་བློ་གཅིག་གྱུར་དང་། གོམས་སྟབས་གཅིག་མཐུན། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་མདུན་སྐྱོད་ཐུབ་དོན་དང་། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེའི་རྒྱལ་ཁ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་དོན་ནི་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་མཐའ་འཁྱོངས་དང་། གཟིགས་རྒྱང་རིང་བ། བྱ་དངོས་ཀྱི་ཁུངས་སྣེ་མཐོང་བ་ཙམ་གྱིས་དེའི་ངོ་བོ་དང་འཕེལ་ཕྱོགས་ལ་རྒྱུས་མངའ་ལོན་ཐུབ་པ། དོན་དངོས་ཀྱི་གནད་དོན་ཐག་གཅོད་ཐུབ་ལ་འཐབ་ཇུས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་པ། བརྡར་ཤ་ཡང་དག་བཅད་པ་དང་དུས་བབ་ཁོང་དུ་ཆུད་པ། དོན་དངོས་དང་འཚམ་པའི་དམིགས་ཚད་ལས་འགན་དང་སྲིད་ཇུས་ཐབས་ཇུས་བཟོས་པ་བཅས་རེད། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ཐོག ཏང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་འཛིན་དང་། དམངས་གཙོའི་སྒོ་ནས་སྲིད་འཛིན། ཁྲིམས་ལྟར་སྲིད་འཛིན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། སྤྱི་ཡོངས་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ལ་སྣེ་ཁྲིད་བཅས་བྱེད་དགོས་པ་མ་ཟད། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་རང་རྒྱལ་གྱི་དོན་དངོས་ནས་འགོ་བཙུགས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བཅས་བྱེད་དགོས་ཞེས་གསུངས་པ་རེད།
     ཚེས་14ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཀྲུང་གུང་སུའེ་ཏེ་ས་ཨུད་ཀྱི་གནས་རྙིང་དུ་ཕེབས་ནས། གནས་རྙིང་གི་བཀོད་པ་དང་སྔར་གྱི་རྣམ་པ་ཁག་གཅིག་སླར་གསོ་བྱས་པར་ཞིབ་ཚགས་ངང་གཟིགས་པ་དང་འབྲེལ་ཡོད་ཆེད་དོན་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། ཞི་ཅིན་ཕིང་གིས། གསར་བརྗེའི་ལོ་རྒྱུས་དུམ་བུ་དེར་ཕྱིར་དྲན་བྱས་ཚེ། གསར་བརྗེ་མཁས་ཅན་རྒན་རབས་ཚོས“ཏང་གི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ”མཐའ་འཁྱོངས་དང་། “ངལ་རྩོལ་མི་དམངས་མང་ཆེ་བའི་ཕྱོགས་སུ་ལངས་རྒྱུ”མཐའ་འཁྱོངས། “མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུ”མཐའ་འཁྱོངས་བཅས་བྱས་པར་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་པ་རྟོགས་ཐུབ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་གསར་བརྗེའི་རྒྱལ་ཁ་བླངས་པ་དེ་ནི་དམངས་སེམས་ཐོབ་པ་ཞིག་དང་། མང་ཚོགས་དུང་ཕྱུར་མང་པོས་བློ་བརྟན་འགྱུར་མེད་ངང་ང་ཚོའི་ཕྱོགས་སུ་ལངས་རྒྱུ་གདམ་ག་བྱས་པ་ཞིག་རེད། ང་ཚོས་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས། སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་གནས་བབ་མཐོ་ཤོས་སུ་འཇོག་དགོས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཐོག་མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་ལངས་པ་དང་། མཉམ་དུ་བསམ་བློ་གཏོང་བ། ལས་ཀ་མཉམ་དུ་བྱེད་དགོས་ཞེས་གསུངས་པ་རེད།
     དེ་རྗེས། ཞི་ཅིན་ཕིང་སུའེ་ཏེ་ཚོད་ལྟའི་སློབ་འབྲིང་གི་སློབ་ཁང་དང་ལུས་རྩལ་ཐང་དུ་ཕེབས་ཏེ། སློབ་མ་ཚོས་ཡིག་གཟུགས་སྦྱོང་བ་དང་ལུས་སྦྱོང་བྱེད་པར་གཟིགས་པ་མ་ཟད། ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་ཞིང་། ཁོང་གིས། ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་རྨང་གཞི་ནི་སློབ་གསོ་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་རྨང་གཞི་ནི་སློབ་གསོ་ཡིན། ང་ཚོས་སློབ་གསོ་གཉེར་དོན་ནི་མི་དམངས་ཀྱི་ཕྱོགས་བསྡུས་བྱང་ཚད་ལེགས་སུ་གཏོང་བ་དང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་གཏོང་བ། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། མི་རིགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་རེད། དེས་ན་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་བ་ཟབ་མོ་བཅངས་ནས་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པ་དང་། སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གྲྭའི་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་ཆེ་རུ་གཏོང་བ། སློབ་གྲྭའི་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་གི་ཁུར་པོ་དང་སློབ་ཕྱིའི་སྦྱོང་བརྡར་གྱི་ཁུར་པོ་ལྕི་དྲགས་པ་དེ་དངོས་སུ་ཡང་དུ་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་དགོས་ཞེས་བསྟན་གནང་བ་རེད། མཇུག་ཏུ་ཞི་ཅིན་ཕིང་གིས་སློབ་མ་ཚོར་དུས་ཚོད་དམ་འཛིན་བྱས་ཏེ། རང་གཅུན་གྱིས་སྤྱོད་བཟང་དར་སྤེལ་གཏོང་བ་དང་། སློབ་སྦྱོང་ལ་འབད་བརྩོན་གྱིས་ཡར་རྒྱས་ཡོང་བ། གཟུགས་པོར་སྦྱོང་བརྡར་གྱིས་ལུས་སྟོབས་རྒྱས་པ། བསམ་བློར་ཞུན་བརྡར་གྱིས་བློ་སྟོབས་འཕེལ་བ་བཅས་བྱས་ནས་རྒྱལ་ཁབ་དང་། མི་དམངས། སྤྱི་ཚོགས་བཅས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
     ཧྲའན་ཤིས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པོ་ཡོད། ཞི་ཅིན་ཕིང་སུའེ་ཏེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་ཁང་དུ་ཕེབས་ནས། རྡོ་བརྐོས་དང་། ཤོག་དྲས་འདྲ་གཟུགས། དམངས་གཞས། འཇིམ་བརྙན་སོགས་ཀྱི་འགྲེམ་སྟོན་ལ་གཟིགས་པ་མ་ཟད། ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་གདེང་འཇོག་ཆེན་པོའང་གནང་བ་རེད། འགྲེམ་སྟོན་ཁང་གི་ཕྱི་རོལ་དུ་ཧྲའན་པེའི་གཡང་ཀོ་ཞབས་བྲོ་འཁྲབ་བཞིན་ཡོད། ཞི་ཅིན་ཕིང་གིས་ས་ཆ་དེ་གར་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་དང་སྦྲགས། ཁོང་གིས། སུའེ་ཏེ་ནི་ས་སེར་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་གྱི་གྲས་ཤིག་ཡིན། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཕུལ་བྱུང་གི་དམངས་ཁྲོད་སྒྱུ་རྩལ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས་ཧྲའན་པེ་མི་དམངས་ཀྱི་སྤྲོ་སེམས་དང་། བབ་ཆགས། དཔའ་ཉམས་བཅས་མངོན་པར་བྱས་འདུག དམངས་ཁྲོད་སྒྱུ་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན། མེས་པོས་བཞག་པའི་རྩ་ཆེའི་ནོར་བུ་དེ་དག་སྲུང་སྐྱོབ་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་པ་དེ་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིད་སྟོན་མཐའ་འཁྱོངས་དང་། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས། སྲོལ་རྒྱུན་རིག་གནས་དང་དེང་རབས་འཚོ་བའི་འབྲེལ་གཞི་འཚོལ་བ་བཅས་བྱས་ཏེ། ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་ཞེས་གསུངས་པ་རེད།
     སུའེ་ཏེ་རྫོང་གྲོང་གི་ལྷོ་ནུབ་ཏུ་གནས་པའི་ཀྲང་ཅ་པན་གྲོང་རྡལ་ཧའོ་ཅ་ཆའོ་གྲོང་ཚོ་ནི་སུའེ་ཏེ་ས་ཨུད་ཀྱིས་རི་འགོག་དམག་འཁྲུག་སྐབས་སུ་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་དཔེ་བཟང་གྲོང་ཚོ་ཞིག་རེད། “གྲོང་ཚོ་ཀུན་གྱིས་ཧའོ་ཅ་ཆའོ་ལ་སློབ་སྦྱོང་དང་མི་ཚང་མས་ལིའུ་ཡུས་ཧོའུ་ལ་སློབ་སྦྱོང་བྱེད”ཅེས་པའི་བྱེད་སྒོ་སྤེལ་ནས་ཐོན་སྐྱེད་ཆེན་པོའི་ཚ་རླབས་བསླངས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཧའོ་ཅ་ཆའོ་གྲོང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས། གྲོང་ཚོའི་བཀོད་པ་དང་ཡུལ་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བས“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དཔེ་བཟང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། ཚེས་14ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དེ་གར་ཕེབས་ནས་གྲོང་ཚོའི་ལོ་རྒྱུས་འགྲེམ་སྟོན་ལ་གཟིགས་ཞིབ་ཞིབ་ཚགས་གནང་སྟེ། གསར་བརྗེའི་རི་གྲོང་དེའི་གཟི་བརྗིད་ལྡན་པའི་གསར་བརྗེའི་ལོ་རྒྱུས་དང་དེ་བཞིན་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད།
     གྲོང་ཚོའི་ཤིང་འབྲས་དང་སྔོ་ཚལ་དྲོད་ཁང་རྟེན་གཞིར་ཕེབས་སྐབས། ཞི་ཅིན་ཕིང་གིས་གྲོང་ཚོ་དེའི་ཐོན་ལས་འཆར་འགོད་དང་འཕེལ་རྒྱས་གཏོང་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། དྲོད་ཁང་དུ་ཕེབས་ནས་རྒུན་འབྲུམ་གྱི་སྐྱེ་འཚར་ལ་གཟིགས་ཞིབ་ཀྱང་གནང་བ་རེད། གྲོང་ཚོའི་རོགས་རེས་བདེ་སྐྱིད་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ས་ཚིགས་སུ་ཞི་ཅིན་ཕིང་གིས་གྲོང་ཚོའི་རྒན་རྒོན་དང་སྨན་དོན་མི་སྣ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད།
     གྲོང་ཚོ་ནས་ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་ཡུལ་མི་ཚོར། གསར་བརྗེའི་དམག་འཁྲུག་ལོ་རབས་ཀྱི་ཐོན་སྐྱེད་ཆེ་མོའི་ལས་འགུལ་དང་ཡང་ན་དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་གང་ཡིན་ཡང་རུང་གང་ལྟར་ཧའོ་ཅ་ཆའོ་བས་སྔ་བར་ཕྱི་གསུམ་དུ་ལས་བརྩོན་མདུན་སྐྱོད་དང་གསར་འབྱེད་གསར་གཏོད་བྱས་ཡོད། སླད་ཕྱིན་ཁྱེད་ཚོས་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། གཞན་གྱི་སྔོན་ལ་སྐྱོད་ཕོད་པ། འབད་བརྩོན་ལྷོད་མེད་བཅས་བྱས་ནས་ཧའོ་ཅ་ཆའོ་གྲོང་ཚོ་དེ་ཉིད་གྲོང་གསེབ་དར་རྒྱས་ཀྱི་དཔེ་བཟང་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཟླ་9ཚེས་13དང་ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་14ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་སུའེ་ཏེ་རྫོང་ཀྲང་ཅ་པན་གྲོང་རྡལ་ཧའོ་ཅ་ཆའོ་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཡུལ་མི་སྤུན་ཟླ་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུ་བཞིན་པ།
ཟླ་9ཚེས་13དང་ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་14ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་སུའེ་ཏེ་རྫོང་ཀྲང་ཅ་པན་གྲོང་རྡལ་ཧའོ་ཅ་ཆའོ་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཡུལ་མི་སྤུན་ཟླ་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུ་བཞིན་པ།

  
style="display:none;"