མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་མཐོ་སློབ་ཀྱི་ཧོང་ཏ་ཉན་འདྲ་བའི་དགེ་རྒན་ཚོགས་པའི་འཐུས་མིར་འཕྲིན་ལན་སྤྲིངས་ནས། 
ཤེས་བྱ་དང་། དོན་གཉེར། སྤྱོད་ལམ་བཅས་དངོས་སུ་གཅིག་གྱུར་ཡོང་བ་བྱས་ནས་སློབ་མ་འཚར་ལོངས་ཡོང་བའི་ལམ་
སྣེ་ཁྲིད་མཁན་ཡག་པོ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་11ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་གིས་རྒྱལ་ཡོངས་མཐོ་སློབ་ཀྱི་ཧོང་ཏ་ཉན་འདྲ་བའི་དགེ་རྒན་ཚོགས་པའི་འཐུས་མིར་འཕྲིན་ལན་སྤྲིངས་ནས། ཤེས་བྱ་དང་། དོན་གཉེར། སྤྱོད་ལམ་བཅས་དངོས་སུ་གཅིག་གྱུར་ཡོང་བ་བྱས་ནས་སློབ་མ་འཚར་ལོངས་ཡོང་བའི་ལམ་སྣེ་ཁྲིད་མཁན་ཡག་པོ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོར་དུས་ཆེན་ལ་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ།
     འཕྲིན་ལན།
     རྒྱལ་ཡོངས་མཐོ་སློབ་ཀྱི་ཧོང་ཏ་ཉན་འདྲ་བའི་དགེ་རྒན་ཚོགས་པའི་འཐུས་མི་ཚོ།
     ཁྱེད་ཚོ་སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོས་བློ་མཐུན་ཧོང་ཏ་ཉན་མིག་དཔེར་བྱས་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་ཚོགས་པའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་གཏོད་སོགས་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་པར་ང་ཧ་ཅང་དགའ་པོ་བྱུང་།
     དགེ་རྒན་ཡག་པོས་ཤེས་བྱ་དང་སྤྱོད་བཟང་ལ་བརྟེན་པ་དང་གཟུགས་བརྙན་བཟང་པོ་བཏོད་དེ་གཞན་ལ་མིག་དཔེ་སྟོན་ཐུབ་པ་བྱེད་དགོས། ཁྱེད་ཚོས་བློ་མཐུན་ཧོང་ཏ་ཉན་སོགས་ཕུལ་བྱུང་དགེ་རྒན་གྱི་བླ་ན་མེད་པའི་སྙིང་སྟོབས་ལ་མུ་མཐུད་སློབ་སྦྱོང་ཞུ་བ་དང་དར་སྤེལ་བཏང་ནས་རྒྱལ་ཡོངས་མཐོ་སློབ་ཀྱི་རྒྱ་ཆེའི་དགེ་རྒན་དང་མཉམ་དུ་ཀུན་སྤྱོད་བློ་སྦྱོང་དང་། སློབ་གཉེར་ལ་བརྩོན་པ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་ཤེས་བྱ་དང་། དོན་གཉེར། སྤྱོད་ལམ་བཅས་དངོས་སུ་གཅིག་གྱུར་ཡོང་བ་བྱས་ནས་སློབ་མ་འཚར་ལོངས་ཡོང་བའི་ལམ་སྣེ་ཁྲིད་མཁན་ཡག་པོ་ཞིག་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་དགོས།
དགེ་རྒན་དུས་ཆེན་འཆར་ཉེའི་མཚམས་སུ་ངས་ཁྱེད་ཚོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོར་དུས་ཆེན་ལ་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན།                                                                                                        
     ཞི་ཅིན་ཕིང་།
     2021ལོའི་ཟླ་9ཚེས་8ཉིན།                                                                                      
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་འབྱོར་བའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། དགེ་རྒན་དུས་ཆེན་ཐེངས་སོ་བདུན་པ་འཆར་ཉེའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་9ཚེས་8ཉིན་རྒྱལ་ཡོངས་མཐོ་སློབ་ཀྱི་ཧོང་ཏ་ཉན་འདྲ་བའི་དགེ་རྒན་ཚོགས་པའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་རེ་བ་ཟབ་མོ་བཅོལ་བ་དང་འབྲེལ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད།
     ཞི་ཅིན་ཕིང་གི་འཕྲིན་ལན་ནང་ཁྱེད་ཚོས་བློ་མཐུན་ཧོང་ཏ་ཉན་མིག་དཔེར་བྱས་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་ཚོགས་པའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་གཏོད་སོགས་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་པར་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། དགེ་རྒན་ཡག་པོས་ཤེས་བྱ་དང་སྤྱོད་བཟང་ལ་བརྟེན་པ་དང་གཟུགས་བརྙན་བཟང་པོ་བཏོད་དེ་གཞན་ལ་མིག་དཔེ་སྟོན་ཐུབ་པ་བྱེད་དགོས། ཁྱེད་ཚོས་བློ་མཐུན་ཧོང་ཏ་ཉན་སོགས་ཕུལ་བྱུང་དགེ་རྒན་གྱི་བླ་ན་མེད་པའི་སྙིང་སྟོབས་ལ་མུ་མཐུད་སློབ་སྦྱོང་ཞུ་བ་དང་དར་སྤེལ་བཏང་ནས་རྒྱལ་ཡོངས་མཐོ་སློབ་ཀྱི་རྒྱ་ཆེའི་དགེ་རྒན་དང་མཉམ་དུ་ཀུན་སྤྱོད་བློ་སྦྱོང་དང་། སློབ་གཉེར་ལ་བརྩོན་པ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་ཤེས་བྱ་དང་། དོན་གཉེར། སྤྱོད་ལམ་བཅས་དངོས་སུ་གཅིག་གྱུར་ཡོང་བ་བྱས་ནས་སློབ་མ་འཚར་ལོངས་ཡོང་བའི་ལམ་སྣེ་ཁྲིད་མཁན་ཡག་པོ་ཞིག་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
(འཕྲིན་ལན་གྱི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)
     2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་སློབ་ཆེན་གྱི་སའི་གོ་ལའི་འཚོལ་ཞིབ་ཐིག་ལེན་ཚན་རིག་དང་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། སློབ་གསོ་པུས་2017ལོར་རྒྱལ་ཡོངས་མཐོ་སློབ་ཀྱི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་ཚོགས་པ་གཏོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། ཁག་དང་པོར་གཏན་འཁེལ་བྱས་པའི་དགེ་རྒན་ཚོགས་པ་201ནི་རྒྱལ་ཡོངས་ཀྱི་མཐོ་སློབ་200ནས་ཡོང་བ་དང་རིག་ཚན་ཁག་དང་ཤར་དབུས་ནུབ་གསུམ་གྱི་ཞིང་ཆེན་ཁག་ལ་ཁྱབ་ཡོད། ཉེ་ཆར། ཁག་དང་པོའི་དགེ་རྒན་ཚོགས་པའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་ཁྲིད་དང་ཚན་ཞིབ་སོགས་ཀྱི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་ཏེ། སློབ་གསོར་བརྟེན་ནས་དྲིན་ལན་འཇལ་བའི་ཕུགས་བསམ་བརྟན་སྲུང་དང་མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།

  
style="display:none;"