མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཀྲུང་དབྱང་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་15ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ་10ཚེས་13ཉིན་གྱི་སྔ་དྲོ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་དབྱང་གིས་གྲོས་འཆམ་བྱས་པའི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱེད་པར་ངེས་པར་དུ་ས་གནས་མི་འདྲ་བའི་དབར་ཧེ་བག་ཡོད་ཆོག་པའི་འཚོལ་ཞིབ་ལ་སྐུལ་ལྕག་བྱེད་དགོས། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་ཇི་ཙམ་ལྕི་ན་དེ་ཙམ་གྱིས་གཞི་རིམ་གྱི་ལག་ལེན་འཚོལ་ཞིབ་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས། གཞི་རིམ་གྱི་སྒྱུར་བཅོས་གསར་གཏོད་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་དེ་སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་ཀྱི་ཇུས་གཞི་དོན་དངོས་དང་ཟུང་འབྲེལ་བྱེད་པའི་གནད་དོན་དང་། ཁེ་ཕན་ལེགས་སྒྲིག་ཁྲོད་ཀྱི་འགོག་རྐྱེན་གྱི་གནད་དོན། སྒྱུར་བཅོས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འགན་འཁུར་གནད་དོན་བཅས་ཐག་གཅོད་ཡག་པོ་བྱ་རྒྱུར་ཤུགས་རྒྱག་པ་དང་འབྲེལ་སྒྱུར་བཅོས་གནད་ལ་འཁེལ་བ་དང་ཞིབ་ཚགས་ངང་དོན་འཁྱོལ་ཐུབ་པ་བྱས་ནས་སྒྱུར་བཅོས་དེ་འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་གཏད་ཕྱོགས་བཅས་དང་དེ་བས་གནད་ལ་འཕིགས་པའི་སྒོ་ནས་སྦྲེལ་མཐུད་བྱས་ཏེ་མང་ཚོགས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་《སྲིད་འཛིན་ཞུ་ལན་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《རྒྱལ་ཁྲལ་དང་ས་གནས་ཀྱི་ཁྲལ་བསྡུ་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》《གསར་སྦོལ་སྒྱུར་བཅོས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《གཞུང་ཁོངས་ཁེ་ལས་ཀྱི་ནུས་པ་དབྱེ་མཚམས་དང་རིགས་དབྱེའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《འགལ་ཟླ་དང་རྩོད་གཞི་སྣ་མང་ཐག་གཅོད་བྱེད་པའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། འགལ་ཟླ་དང་རྩོད་གཞི་སྣ་མང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་མང་ཚོགས་ཀྱི་ཁྲིམས་མཐུན་དབང་ཆ་འགན་ལེན་དང་སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཨུད་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། སྲིད་གཞུང་གིས་གཙོ་ཁྲིད། ཕྱོགས་བསྡུས་བཅོས་སྐྱོང་མཐུན་སྦྱོར་བཅས་མཐའ་འཁྱོངས་དང་སྡེ་ཚན་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ནང་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་དང་། འབྱུང་རྩ་ནས་བཅོས་སྐྱོང་དང་སྔོན་འགོག་གཙོ་བོར་བཟུང་རྒྱུ་མཐའ་འཁྱོངས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་སྔོན་འགོག་བྱ་རྒྱུ་དེ་ཐབས་ཇུས་གལ་ཆེན་དང་། སྲིད་འཛིན་ཁྲིམས་འཛིན། ཁྲིམས་འཛིན་གཏུག་བཤེར་སོགས་བརྒྱུད་རིམ་ཧྲིལ་པོའི་ནང་ལག་བསྟར། མི་དམངས་ཀྱི་འདུམ་འགྲིག་དང་། སྲིད་འཛིན་གྱི་འདུམ་འགྲིག ཁྲིམས་འཛིན་གྱི་འདུམ་འགྲིག་བཅས་མཉམ་འགུལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འདུམ་འགྲིག་སྔོན་ལ་འཇོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་ལྕག ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་རིགས་ཁག་གི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བཅས་བྱེད་དགོས། ལམ་ལུགས་འཐུས་ཚང་དང་། ལམ་སྲོལ་འཐུས་ཚང་། ལས་སྟེགས་གཏོད་པ། འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཐག་གཅོད་བྱེད་པའི་བྱེད་ཐབས་མཐུད་སྦྲེལ་དང་དེར་གཞོགས་འདེགས་བྱ་རྒྱུར་སྐུལ་འདེད་བཏང་ནས་མཐུད་སྦྲེལ་ནུས་ལྡན་དང་། མཐུན་སྦྱོར་མཉམ་འགུལ། ཕན་ཆེ་སྟབས་བདེ་བཅས་ཀྱི་འགལ་ཟླ་དང་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྩེ་རིམ་ཇུས་འགོད་ཀྱིས་གཞི་རིམ་ལག་ལེན་ལ་ཁྲིད་སྟོན་དང་། འཆར་འགོད། མཛུབ་ཁྲིད་བཅས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་ས་གནས་ཁག་གིས་དོན་དངོས་དང་བསྟུན་ནས་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། ཞིབ་ཕྲའི་གནད་དོན་ལ་དམིགས་པ། ཞིབ་ཕྲའི་བྱེད་ཐབས། འགན་འཁྲི་ཞིབ་དབྱེ། དུས་ཚོད་བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་སྲིད་ཇུས་དབྱེ་མཚམས་ཀྱི་ཁྱབ་རྒྱ་དང་། ཚད་གཞི། མྱུར་ཚད་བཅས་སྟངས་འཛིན་ཡག་པོ་བྱེད་དགོས། གཞི་རིམ་སྒྱུར་བཅོས་གསར་གཏོད་ཐད་གཞི་རིམ་དང་འཐབ་ས་དང་པོའི་འབོད་སྒྲ་མང་ཙམ་ཉན་གང་ཐུབ་བྱས་ནས་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་མང་ཙམ་ཐོབ་ཐུབ་པ་བྱེད་དགོས། འཕྲལ་དུ་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་གཞི་རིམ་སྒྱུར་བཅོས་གསར་གཏོད་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་། ཐག་གཅོད་བྱེད་ཐབས། དེར་ལྡན་པའི་ཆོས་ཉིད་བཅས་རྗེས་དཔག་ངོས་འཛིན་དུ་འགྱུར་བ་བྱས་ཏེ་ངོས་ཀྱི་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་གཞི་རིམ་སྒྱུར་བཅོས་གསར་གཏོད་ཀྱི་སྣེ་གཅིག་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་སྦྲེལ་ཡོད་པ་དང་། སྣེ་གཅིག་རྒྱ་ཆེའི་མི་དམངས་མང་ཚོགས་དང་སྦྲེལ་ཡོད་པས། སྲིད་ཇུས་ལྷན་སྦྱར་ལ་ཤུགས་བརྒྱབ་སྟེ་གཞི་རིམ་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་བྱས་ནས་ནུས་ཤུགས་གང་ཡོད་ཀྱིས་ས་གནས་དང་གཞི་རིམ། དེ་བཞིན་ཕྱོགས་ཁག་བཅས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱེད་དགོས། གཞི་རིམ་ལས་དོན་གྱི་ཁྱད་ཆོས་དང་དཀའ་གནད་ལ་དམིགས་ནས་འགན་ནུས་དང་མི་སྣའི་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་སྟེ། གཞི་རིམ་སྒྱུར་བཅོས་ཀྱི་དོན་དངོས་ལ་མཁོ་བའི་དབང་ཆ་དང་འགན་འཁྲིའི་མ་ལག་བཙུགས་དགོས། དཔྱད་ཞིབ་གདེང་འཇོག་དང་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གསར་གཏོད་ལ་ལྕག་སྐུལ་དང་སྔོན་ཐོན་ལ་བསྔགས་བརྗོད་དང་། ཚོད་ལྟ་ནོར་ཆོག་པ་དང་ཕམ་པར་བསམ་ཤེས་བྱས་ནས་སྒྱུར་བཅོས་བྱེད་བསམ་པ་དང་སྒྱུར་བཅོས་དོན་གཉེར། སྒྱུར་བཅོས་ལེགས་སུ་གཏོང་བ་བཅས་ཀྱི་རྣམ་པ་ཟབ་མོ་གཏོད་དགོས་ཞེས་བསྟན་ཡོད།
     སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།