མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་16ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། གྲོང་གསེབ་ཀྱི་ཐག་རིང་ལུང་ཁུག་གི་དྲ་ཆེན་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་འཛིན་ཁྱད་པར་ཆུང་དུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་བཀོད་སྒྲིག་བྱས་ནས་ལས་སྒོ་སྟོབས་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བརྒྱུད་དམངས་འཚོར་ཕན་འདོགས་རྒྱུ། མྱུར་སྐྱེལ་ལས་སྒོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ནས་དེང་རབས་ཞབས་ཞུའི་ལས་སྒོའི་འཕར་གཞི་གསར་པ་སྐྱེད་སྲིང་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུ་ནི་རང་རྒྱལ་གྱི་འཕེལ་རྒྱས་ཆེན་པོའི་མི་མངོན་པའི་ནུས་པ་གནས་ས་ཞིག་རེད། གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་ལམ་སྲོལ་སྒྱུར་བཅོས་དང་གསར་གཏོད་བྱས་ནས་གྲོང་གསེབ་དང་དེ་བཞིན་ཐག་རིང་ལུང་ཁུག་ས་ཁུལ་གྱི་དྲ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་སྤྱི་པའི་ཐོན་རྫས་དང་ཞབས་ཞུའི“ཞན་ཆ”གསབ་རྒྱུ་དང་། ཕན་ནུས་ལྡན་པའི་མ་འཇོག་ལ་སྐུལ་ཁྲིད་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་ནོར་སྲིད་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ལ་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་གྱིས་རྨང་གཞིའི་གློག་འཕྲིན་དང་། རླུང་འཕྲིན་བརྙན་འཕྲིན་ཁེ་ལས། དམངས་ཁྲོད་མ་རྩ་བཅས་འགྲན་རྩོད་རང་བཞིན་གྱི་འོས་སྐུལ་སོགས་བརྒྱུད་གྲོང་གསེབ་ཀྱི་དྲ་ཆེན་འཛུགས་སྐྲུན་དང་འཁོར་སྐྱོད་སྲུང་སྐྱོང་ནང་འདྲ་མཉམ་ངང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་ཆབས་ཅིག་PPPདང་། མངགས་བཅོལ་གཉེར་སྐྱོང་སོགས་ཁྲོམ་ར་ཅན་གྱི་བྱེད་སྟངས་འཚོལ་ཞིབ་བྱས་ནས་དེའི་ནང་ཞུགས་པའི་གཙོ་གཟུགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ཏེ། 2020ལོར་སླེབས་སྐབས་དྲ་ཆེན་ཤར་གཏོང་ཐུབ་མེད་པའི་སྲིད་འཛིན་གྲོང་ཚོ་ཁྲི་5ཙམ་ལ་དྲ་ཆེན་ཤར་གཏོང་ཐུབ་པ་དང་གྲོང་གསེབ་ཀྱི་ཁྱིམ་ཚང་ཁྲི་3000ཙམ་གྱི་དྲ་ཆེན་རིམ་སྤོར་བྱས་ནས་སྲིད་འཛིན་གྲོང་ཚོ་98%ལ་དྲ་ཆེན་ཁྱབ་པ་བྱ་རྒྱུ་མ་ཟད། སྐུད་མེད་དྲ་ཆེན་རིམ་བཞིན་ཁྱབ་པར་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། སྔོན་དཔག་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་1400ལས་བརྒལ་རྒྱུ་ཡིན་པ་རེད། ཚོགས་འདུའི་ཐོག་ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིབ་བཤེར་རྩིས་ལེན་མ་བྱས་པའི་རིགས་ནོར་སྲིད་ཀྱི་ཁ་གསབ་འཐེན་འཕྲི་བྱེད་པའམ་ཡང་ན་མེད་པ་བཟོ་རྒྱུ་མ་ཟད་བརྡ་ཁྱབ་ཀྱང་གཏོང་རྒྱུ་རེད། དྲ་ཆེན་འཛུགས་སྐྲུན་དང་འཁོར་སྐྱོད་བྱ་ཚུལ་ལ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང་། ཆ་འཕྲིན་ལག་རྩལ་སྤྱད་དེ་གྲོང་གསེབ་ཀྱི་ཐག་རིང་ལུང་ཁུག་གི་དཀའ་ངལ་ཡོད་པའི་ས་ཁུལ་གྱི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། སྤྱི་དམངས་ཀྱི་ལས་གཏོད་དང་མི་ཀུན་གྱིས་གསར་གཏོད་བྱེད་པ་བརྒྱུད་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་མགྱོགས་སུ་བཏང་ནས་གཙོ་གཟུགས་ཚོང་ཁང་དང་གློག་རྡུལ་ཚོང་དོན་དབར་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཙོ་གཟུགས་དཔལ་འབྱོར་དང་དྲ་སྦྲེལ་དབར་རྩེག་སྣོན་གྱི་ཕན་ནུས་ལྡན་པ་བྱས་ན། འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་ཕན་པ་ཡོད་པ་མ་ཟད། ཞིང་ལས་རིམ་སྤོར་དང་། གྲོང་གསེབ་འཕེལ་རྒྱས། ཞིང་པའི་འབབ་འཕར་བཅས་ལ་སྐུལ་འདེད་ཀྱང་གཏོང་ཐུབ། དེར་བརྟེན། གཅིག་ནས་ཞིང་ལས་དང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དང་དབུལ་ཕོངས་ས་ཁུལ་དུ་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྐྱེལ་བའི་ཕྱོགས་བསྡུས་དཔེ་སྟོན་སྔོན་ལ་ལག་བསྟར་བྱས་ནས་ལས་ཞུགས་དང་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས་ཤིང་། འགྲིམ་འགྲུལ་དང་། ཆ་འཕྲིན། ཐོན་ཡུལ་ཚོགས་སྡེབ་སོགས་ཀྱི་འབྲེལ་ཡོད་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཚོང་དོན་ཁེ་ལས་ལ་སྡེབ་སྐྱེལ་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུའི་སྐུལ་མ་གཏོང་བ། ཕྱོགས་གསུམ་པའི་སྡེབ་སྐྱེལ་འཕེལ་རྒྱས་གཏོང་བ་སོགས་བརྒྱུད་འཁོར་རྒྱུག་གི་ལས་ཕྱོད་ཆེ་རུ་གཏོང་དགོས་པ། གསུམ་ནས་དྲ་རྒྱའི་འཛད་སྤྱོད་ཁོར་ཡུག་ཡག་པོ་ཞིག་བཏོད་ནས་དྲ་རྒྱའི་ཐོག་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་བྲིན་ཚོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས་ཤིང་། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱས་ནས་དྲ་རྒྱ་བརྒྱུད་ལས་གཏོད་དང་ལས་ཞུགས་ལ་སྐུལ་མ་གཏོང་དགོས་པ། བཞི་ནས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཆ་རྐྱེན་འཚམ་པར་ཁག་ཐེག་དངུལ་བུན་གཡར་བའམ་སྐྱེད་གསབ་སྤྲོད་དགོས་པ་དང་། དངུལ་རྩའི་སྒྲིག་གཞིར་དྲ་ཐོག་ནས་དངུལ་སྤྲོད་པ་དང་མཁོ་སྤྲོད་འབྲེལ་ཐག་དངུལ་བུན་གཏོང་བ་སོགས་ཀྱི་ཐོན་རྫས་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ་དང་འབོར་ཉུང་དུས་ཐུང་དངུལ་བུན་གཡར་བའི་འགྲོ་ལུགས་སྟབས་བདེ་རུ་བཏང་ནས་གློག་རྡུལ་ཚོང་དོན་ལ་ལས་གཏོད་ཀྱི་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཞིང་པ་དུང་ཕྱུར་མང་པོ“དྲ་བ”བརྒྱུད“སྤྱི་དམངས་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་པའི་”སྟེགས་བུ་གསར་པའི་ཐོག་སྐྱོད་རྒྱུ་ཡོང་བ་བྱེད་དགོས་པ་བཅས་རེད།