མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ལེ་པེ་ཀེ་རྡོར་རྗེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་12ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ལེ་པེ་ཀེ་རྡོར་རྗེ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ལེ་པེ་ཀེ་རྡོར་རྗེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཀྲུང་མོང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་བ་བསྐྲུན་རྒྱུའི་མོས་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་མོང་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་རེད། དེང་སྐབས་ཀྲུང་མོང་གི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུང་མོང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་རྒྱབ་སྐྱོར་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་མོང་གི་འབྲེལ་བར་ཚད་མཐོའི་སྣང་ཆེན་བྱས་ནས་ཀྲུང་མོང་གི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་འབྲེལ་བའི་གནས་བབ་གལ་ཆེན་ཐོག་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་དང་མོང་གོལ་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་རང་མོས་ངང་གདམ་ག་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཛའ་གྲོགས་དང་། ཟོལ་མེད། གཉིས་ཁེ། ཁོང་ཡངས་བཅས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཀྲུང་མོང་གི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་གཉིས་ཁེ་གཉིས་ཐོབ་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་མོང་གོལ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་བྱ་རྒྱུ་ཡིན། ང་ཚོས་མོང་གོལ་ཕྱོགས་ཀྱིས་ཀྲུང་གོར་ཕྱོགས་པའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱེད་ཕྱོགས་གཙོ་བོར་བརྩིས་པར་བསྔགས་བརྗོད་དང་མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་པར་བསྔགས་བརྗོད་བྱེད་པ་མ་ཟད། ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་ལས་གཉིས་ཐོབ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཐོ་རིམ་འགྲོ་འོང་གི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་སྡེ་ཚན་དང་། གྲོས་ཚོགས། སྲིད་ཏང་བཅས་ཁག་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་ཡིད་ཆེས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་ང་ཚོས་ཀྲུང་མོང་ཨུ་བཅས་རྒྱལ་ཁབ་གསུམ་གྱིས་འབྲེལ་མཐུད་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་འཛུགས་སྐྲུན་བྱེད་བཞིན་པའི་ཀྲུང་མོང་ཨུའི་དཔལ་འབྱོར་བར་ཁྱམས་འཆར་འགོད་ཀྱི་རྩ་གནད་སྒྲིག་བཟོའི་ལས་དོན་གང་མགྱོགས་ལེགས་འགྲུབ་ཡོང་བ་བྱ་རྒྱུར་མོས་མཐུན་ཡོད། མོང་གོལ་ཕྱོགས་ཀྱིས་2016ལོའི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་ཚོགས་འདུ་གཉེར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཨེ་ལེ་པེ་ཀེ་རྡོར་རྗེས་མོང་གོལ་ཕྱོགས་ཀྱིས་མོང་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མོས་མཐུན་བྱེད་པ་མ་ཟད། འབད་བརྩོན་ཡང་བྱས་ནས་ད་ཐེངས་ཀྲུང་གོར་འཚམས་འདྲིར་བཅར་བ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྔར་བས་སྐུལ་འདེད་གཏོང་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་མོང་ཀྲུང་གི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་བྱེད་ཕྱོགས་གཙོ་བོར་བརྩིས་ནས་ཕྱོགས་གཉིས་པོའི་ཕན་ཚུན་ཡིད་ཆེས་དང་གཉིས་ཁེ་མཉམ་ལས་ཤུགས་ཆེར་གཏོང་ཕྱིར་ཀྲུང་གོ་ཕྱོགས་དང་མཐོ་རིམ་དང་། ཁྲིམས་འཛུགས། རྒྱལ་སྲུང། ཞི་བདེ་སྲུང་སྐྱོང་སོགས་ཁྱབ་ཁོངས་ཁག་ནང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།